ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས་ཚན་ཆུང་བགོས་ནས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།
2025.01.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

 ཟླ1ཚེས19ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་འཐུས་མི་ཚོས་ཚན་ཆུང་བགོས་ནས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།  གྲོས་ཞིབ་ཡུལ་དངོས་སུ་འཐུས་མི་ཚོས་སྙན་ཞུའི་ནང་དོན་ལ་དམིགས་ནས་སྔ་རྗེས་སུ་གཏམ་བཤད་པ་དང་རང་ཉིད་ཀྱི་མྱོང་ཚོར་ལྷུག་པོར་བརྗོད།

འཐུས་མི་ཚོས་སྙན་ཞུའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྱབ་ཡོད་པ་དང་། འདས་ཟིན་པའི་ལོ་གཅིག་རིང་གི་གྲུབ་འབྲས་ལ་ཕྱོགས་བསྡོམས་བྱས་པ་དེ་དོན་དངོས་དང་མཐུན་ཞིང་། མིག་སྔའི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཡོད་ཅིང་། གཏན་འབེབས་བྱས་པའི་འཕེལ་རྒྱས་ཀྱི་དམིགས་འབེན་ནི་མཐོང་རྒྱ་ཆེ་ཞིང་ལག་ལེན་དུ་འཁྱོལ་ཐུབ་པ་ཞིག་ཡིན་པ་དང་།  བྱ་བའི་བཀོད་སྒྲིག་གནད་ལ་འཁེལ་བ་མ་ཟད་ཕན་ནུས་ལྡན་པ་ཞིག་ཀྱང་ཡིན་པས།  དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། བདེན་འཚོལ་དངོས་སྒྲུབ། བརྩོན་སེམས་ཆེར་སྐྱེད་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་ཡིན་པར་ངོས་འཛིན་བྱས།

འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་ཚོགས་རར། ལས་རིགས་སོ་སོ་དང་ཁྱབ་ཁོངས་མི་འདྲ་བ་ནས་ཡོང་བའི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་རང་ངོས་ཀྱི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྙན་ཞུར་ནན་ཏན་སྒོས་གྲོས་ཞིབ་བྱས་པ་དང་། ཐུན་མོང་གི་ངོས་འཛིན་སྔར་ལས་གཅིག་ཏུ་སྒྲིལ་ཡོད། འཐུས་མི་ཚོས་འདས་ཟིན་པའི་ལོ་གཅིག་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་འགན་འཁྲི་འཁུར་སེམས་མངོན་པ་དང་། འཐབ་ཇུས་གོ་སྐབས་དམ་འཛིན་ཁྲོད་རང་འགུལ་ངང་བྱས་རྗེས་བཞག་ལ། དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་ཁྲོད་འབད་འབུངས་མདུན་སྐྱོད་བྱས་ཏེ་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བའི་ཁྲོད་གོམ་སྟབས་གསར་པ་བརྟན་པོར་སྤོས་ཡོད།  གྲུབ་འབྲས་དེ་དག་ཐོབ་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་སྟོབས་ལྡན་དང་འབྲལ་ཐབས་མེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་དང་འབྲལ་ཐབས་མེད་ལ། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། མཉམ་དུ་འབད་འཐབ་དང་འགག་སྒྲོལ་དཀའ་སེལ་བྱས་པའི་གྲུབ་འབྲས་ཀྱང་ཡིན་ཞེས་བསྟན།

གྲོས་ཞིབ་བྱེད་སྐབས། འཐུས་མི་ཚོས་མྱོང་ཚོར་གླེང་བ་དང་། ཐབས་འདོན་ཇུས་འབུལ་ལེགས་པོ་བྱེད་པ། རང་ངོས་ལས་རིགས་ཀྱི་ཁྱད་ཆོས་དང་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ།  སྲིད་གཞུང་བྱ་བའི་སྙན་ཞུར་རྩ་ཆེའི་བསམ་འཆར་དང་གྲོས་གཞི་མང་པོ་བཏོན།   ཚང་མས་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་གསལ་བོར་བཏོན་ཡོད་པར་མ་ཟད། ཕྱོགས་བདུན་ཐད་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོར་བསྒྲུབ་པའི་ཐད་བཀོད་སྒྲིག་ཞིབ་མོ་བྱས་ཡོད་པས། དམིགས་འབེན་གསལ་བོ་ཡིན་པ་དང་།  བྱེད་ཐབས་ཞིབ་ཚགས་ཡིན་ལ།  བླང་བྱ་གསལ་བོ་རེད་ཅེས་བསྟན།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།