ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2025.01.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 24

ཟླ1ཚེས19ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། ཨུ་ཡོན་བཅོ་ལྔས་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་གོ་གནས་ལ་རྐང་བཙུགས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོར་གཞིགས་ཤིང་། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་གཏམ་བཤད་པ་དང་།  ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བར་བློ་འདོན་ཇུས་འབུལ་དང་སེམས་ཤུགས་གཅིག་སྡུད་བྱས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་། ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡའེ་ཞང་། དྲུང་ཡིག་ཆེན་མོ་ཞའེ་པའོ་ཨིན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད། ཁོང་ཡུང་གིས་ཚོགས་ཆེན་ལ་མགོ་འཛིན་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཁྲིན་ཅི་ཝེ་བཅས་གདན་ཞུས་ལྟར་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་གཞིར་ཉན།

ཨུ་ཡོན་ལིས་ཞང་དབྱང་གིས་ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད་སྐབས། བློ་བརྟན་འགྱུར་མེད་སྒོས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས་ཞེས་བཤད། ཨུ་ཡོན་ཧྲང་ཡུས་ལུང་གིས་ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད་སྐབས། རྩིས་ནུས་མཉམ་འདྲེས་བེད་སྤྱོད་གསར་གཏོད་ལ་ཤུགས་བསྣན་ནས། ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བཤད། ཨུ་ཡོན་ཁྲིན་ཡུང་ཞང་གིས་ཞིང་ཆེན་སྲིད་གྲོས་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད་སྐབས། ནུས་ཤུགས་ཡོད་རྒུས་མཐོ་སྒང་གི་ཁམས་གསོའི་ཐོན་ལས་འཕེལ་རྒྱས་བཏང་སྟེ། རང་འགུལ་སྒོས་བདེ་ཐང་ཀྲུང་གོའི་འཕེལ་རྒྱས་འཐབ་ཇུས་ཁྲོད་འདྲེས་པར་བྱེད་དགོས་ཞེས་བཤད། ཨུ་ཡོན་ཀྲུའུ་ཁྲོན་ཡུན་གྱིས་དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད་སྐབས། མ་ལག་ལྡན་པའི་བསམ་བློས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་ལམ་ལུགས་གསར་གཏོད་ལ་ཤུགས་སྣོན་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྟོབས་ཤུགས་འབུལ་དགོས་ཞེས་བཤད། ཨུ་ཡོན་ཧུའུ་ཏཱ་ཀྲུང་གིས་གཏམ་བཤད་སྐབས། བདེ་ཐང་ཆེན་མོའི་ཐོན་ལས་མཉམ་ལས་ཟབ་སྤེལ་བྱས་ཏེ། ཀྲུང་ལུགས་བོད་ལུགས་གསོ་རིག་གི་མ་འོངས་པར་ཁྲིད་སྟོན་བྱེད་དགོས་ཞེས་བཤད། ཨུ་ཡོན་ཚའོ་ཀོང་ཁྲའོ་ཡིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཚབ་བྱས་ནས་གཏམ་བཤད་སྐབས། ཁུ་ནུའི་རིག་གནས་ཀྱི་ནང་དོན་དང་རིན་ཐང་སྔོག་འདོན་ཟབ་མོ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་གྱི་རིག་གནས་རྨང་གཞི་བརྟན་པོ་འཛུགས་དགོས་ཞེས་བཤད། ཨུ་ཡོན་ཏུང་ཆོན་མིན་གྱིས་ཞིང་ཆེན་སྲིད་གྲོས་ཞིང་ལས་དང་ཞིང་སྡེའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད་སྐབས། མཐོ་སྒང་གི་རྩྭ་ཐང་སྲུང་སྐྱོབ་དང་སླར་གསོ་ལ་ཤུགས་བསྣན་ནས། མཚོ་སྔོན་གྱི་རྩྭ་སའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བཤད། ཨུ་ཡོན་ཝང་ཅཱན་གྱིས་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད་སྐབས། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་བརླན་སའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ཏེ། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་དགོས་ཞེས་བཤད། ཨུ་ཡོན་ཝང་ཁོན་གྱིས་བཟོ་ཞིང་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད་སྐབས། འཁྱགས་རོམ་དཔལ་འབྱོར་དང་ཐོན་ལས་དར་རྒྱས་གོང་འཕེལ་བཏང་སྟེ། འཁྱགས་རོམ་ཐོན་ཁུངས་ཀྱིས་འཛད་སྤྱོད་ཀྱི་ཚ་ནུས་འདོན་པར་བྱེད་དགོས་ཞེས་བཤད། ཨུ་ཡོན་ཀྲང་ཡུང་གིས་བཤད་རྒྱུར། སྔོན་ཐོན་གྱི་ལྟ་ཞིབ་ཚད་ལེན་ལག་རྩལ་ལ་བརྟེན་ནས། ཨ་ཆེན་གངས་རྒྱབ་ཀྱི་མཚོ་དང་མཚེའུར་ལྟ་ཞིབ་ཚད་ལེན་དང་ཆུའི་གནོད་འཚེ་སྔོན་འགོག་བྱེད་པ་སོགས་ལ་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཞེས་བཤད། ཨུ་ཡོན་ལིས་ཆིན་གྱིས་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ནས་བཤད་རྒྱུར། ཚོང་ལས་དང་མཉམ་འབྲེལ་གྱི་བྱེད་ནུས་འདོན་སྤེལ་བྱས་ཏེ། དམངས་གཉེར་ཁེ་ལས་གསར་གཏོད་བྱེད་པར་སྟོབས་ནུས་སྦྱིན་དགོས་ཟེར། ཨུ་ཡོན་ཀྲང་ཀྲུའུ་ཕིན་གྱིས་གཏམ་བཤད་སྐབས། ཚ་འདམ་གྱི་གནམ་དཔྱད་ཐོན་ཁུངས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ནས། མཚོ་སྔོན་གྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་རོགས་ཤུགས་འདོན་དགོས་ཟེར། ཨུ་ཡོན་ཝང་ཧུང་ལོན་གྱིས་གཏམ་བཤད་སྐབས། མི་དང་གཅན་གཟན་གྱི་འགལ་བ་ཞི་ལྷོད་དུ་བཏང་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས་ཟེར། ཨུ་ཡོན་སུང་ཅི་ཀྲིན་གྱིས་གཏམ་བཤད་སྐབས། གནད་ལ་འཁེལ་བའི་སྒོ་ནས་གནོད་འཚེ་དང་ཉེན་ཁར་དམིགས་པ་དང་། རང་ཞིང་གི་གནོད་འགོག་གནོད་སེལ་རྒུད་སྐྱོབ་ནུས་པ་མགྱོགས་མྱུར་སྒོས་མཐོ་རུ་གཏོང་དགོས་ཟེར། ཨུ་ཡོན་ཝུའུ་ཧའེ་ཡན་གྱིས་གཏམ་བཤད་སྐབས། མི་དམངས་སྲིད་གྲོས་ཀྱི་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་རྐྱེན་སྲོལ་འཛུགས་པར་ཤུགས་བསྣན་ནས། ཏང་སྲིད་ཀྱི་ཚན་རིག་དང་མཐུན་པའི་དམངས་གཙོའི་ཇུས་ཆོད་ལ་སྔར་ལས་ཞབས་འདེགས་ཞུ་བ་དང་། དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་ལ་རམ་འདེགས་བྱེད་དགོས་ཟེར།

ཐེངས་འདིའི་གྲོས་ཚོགས་སྟེང་ཁྱོན་བསྡོམས་གཏམ་བཤད་རྒྱུ་ཆ་བརྒྱ་དང་བདུན་ཅུ་བསྡུ་ལེན་བྱས་པ་དང་། ཞིབ་བཤེར་དང་འདེམས་སྒྲུག་ནན་མོ་བྱས་པ་བརྒྱུད། རྒྱུ་ཆ་བཅོ་ལྔ་ངག་ཐོག་གཏམ་བཤད་དང་རྒྱུ་ཆ་བརྒྱ་དང་ཉེར་གཅིག་ཡིག་ཐོག་གཏམ་བཤད་རྒྱུ་ཆར་བརྩིས་པ་དང་། གཞན་དག་བསམ་འཆར་གྲོས་གཞིའི་རྣམ་པས་འབྲེལ་ཡོད་སྡེ་ཁག་གིས་ལྟ་ཞིབ་བྱེད་པར་སྤྲད། གཏམ་བཤད་རྒྱུ་ཆ་འདི་དག་གི་བརྗོད་གཞི་གསར་པ་ཡིན་ལ། གྲོས་གཞི་དོན་དངོས་དང་མཐུན་ཞིང་། སྤུས་ཀ་ཅུང་ལེགས་པས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཁབ་ཀྱི་ཆེད་དུ་ལས་འགན་སྒྲུབ་པ་དང་དམངས་ཀྱི་ཆེད་དུ་འགན་འཁྲི་ཁུར་བའི་བརྩེ་སེམས་ཟབ་མོ་དང་ལས་འགན་ཁག་ཁུར་གང་ལེགས་སྒོས་མངོན་ཡོད།

ལྷ་མོ་འཚོས་བསྒྱུར།