ལའོ་ཏུང་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལས་རིགས་དང་དཔལ་འབྱོར་ལས་རིགས་ཀྱི་ཚན་ཆུང་མཉམ་འབྲེལ་གྱི་གྲོས་སྡུར་ལ་ཞུགས།
2025.01.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ1ཚེས20ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལས་རིགས་དང་དཔལ་འབྱོར་ལས་རིགས་ཀྱི་ཚན་ཆུང་མཉམ་འབྲེལ་གྲོས་སྡུར་ལ་ཞུགས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་ལྟར། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཀའ་ངལ་ཁྱད་སེལ་བྱེད་པ། དཀའ་སྤྱད་འབད་བརྩོན་དང་དངོས་སྒྲུབ་ལེགས་བརྩོན་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གསར་འབྱེད་པ་དང་དངོས་སྒྲུབ་པ་བྱེད་དགོས།

ཚོགས་ཐོག་ཏུ། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཡུས་ཆིའུ་ཕིང་དང་ཧིའུ་ཧུང་པོ། ཀྲང་ཡུང་ལིས། ལེན་ཧྥིན། ཧྥང་ཆེན་ཧྲིན། ལིས་ཆིན་བཅས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་དམིགས་ནས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་དཔལ་འབྱོར་གྱི་འཕར་སྣོན་གནས་གསར་པ་བསྐྱེད་པ། ཐོན་ཁུངས་ནུས་ཁུངས་སྡེབ་སྒྲིག་ལེགས་སྒྱུར་བྱེད་པ། མཚོ་སྔོན་གྱི་བཟོ་སྐྲུན་ཐོན་ལས་ཐད་རོགས་ཤུགས་འདོན་པ། ནུས་ཁུངས་ཐོན་ལས་རིག་ནུས་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། དམངས་གཉེར་དཔལ་འབྱོར་གྱི་གསོན་ཤུགས་ཆེར་བསྐྱེད་པ་སོགས་ཕྱོགས་ནས་གཏམ་བཤད། ཁོས་བཤད་རྒྱུར། ཨུ་ཡོན་ཚོས་རང་སོ་སོའི་བྱ་བའི་ཁྱབ་ཁོངས་དང་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་བསམ་འཆར་མང་པོ་བཏོན་པ་དང་། ཞིང་ཆེན་སྲིད་གཞུང་གིས་དབྱེ་ཞིབ་ཞིབ་འཇུག་ནན་མོ་བྱེད་པ་དང་འཐུས་ཚང་དུ་བཏང་ནས་སྲིད་གཞུང་བྱ་བའི་སྙན་ཞུ་དང་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་བསྡུ་ལེན་བྱེད་རྒྱུ་ཡིན་ཟེར།

ལའོ་ཏུང་ཁྲོན་གྱིས་བཤད་རྒྱུར། འདས་པའི་ལོ་གཅིག་གི་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱིས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་པ་དང་། ཆབ་སྲིད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ལ། འཕེལ་རྒྱས་ཐད་ཞབས་འདེགས་གནད་ལ་འཁེལ་ཞིང་ཕན་འབྲས་དང་ལྡན་པ་ཞུས་པ་དང་། མཐུན་སྒྲིལ་མཛའ་འབྲེལ་རྒྱ་ཆེ་གཏིང་ཟབ་བྱས་ལ། དམངས་ཀྱི་ཆེད་དུ་འགན་སྒྲུབ་ནན་མོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། སྲིད་གྲོས་ཨུ་ཡོན་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོའི་ཆེད་ལས་འཇོན་མི་དང་རྐང་འཛིན་མི་སྣ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན་པས། མུ་མཐུད་དུ་བསམ་འཆར་གྲོས་གཞི་འདོན་པ་དང་ཤུགས་འདོན་པ། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། དམངས་ཀྱི་ཆེད་དུ་འགན་སྒྲུབ་བྱེད་པའི་ཁྲོད། མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ཐད་རིག་སྟོབས་འབུལ་དགོས།

ལའོ་ཏུང་ཁྲོན་གྱིས་བཤད་རྒྱུར། ཡིད་ཆེས་ཇེ་བརྟན་དུ་གཏོང་བའི་ཐད་ནས་བསམ་འཆར་སྔར་ལས་མང་པོ་འདོན་པ་དང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་འབྲེལ་འདྲིས་རྒྱ་ཆེ་བ་དང་ཤན་ཤུགས་ཆེ་བའི་དགེ་མཚན་འདོན་སྤེལ་བྱེད་པ། རང་སྟེང་གི་ཆེད་ལས་འཇོན་ནུས་དང་ཁེ་ལས་ཀྱི་ཚོང་གཉེར་ལག་ལེན་ཟུང་འབྲེལ་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་མིག་སྔར་མཚོ་སྔོན་གྱི་མདུན་དུ་ལྷགས་པའི་འགྲན་རྩོད་དང་གོ་སྐབས་ཆེན་པོར་ཕྱོགས་ཡོངས་ནས་ངོས་འཛིན་གསལ་བོ་བྱེད་པར་རོགས་བྱེད་པ། སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པ་དང་གོ་སྐབས་དམ་འཛིན་བྱེད་པ། ལེགས་སྤེལ་ཁྲོད་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། མཚོ་སྔོན་གྱི་དཔལ་འབྱོར་འོད་སྟོང་སྨྲ་བའི་ཐད་སྐུལ་མ་དང་འབོད་སྐུལ་བྱེད་དགོས། དཀའ་གནད་སེལ་བའི་ཐད་ཇུས་བཟང་པོ་སྔར་ལས་མང་པོ་འབུལ་བ་དང་། རྒྱ་ཆེའི་ཨུ་ཡོན་གྱི་རིག་ནུས་དགེ་མཚན་དང་ལམ་བུའི་དགེ་མཚན། རིགས་དབྱེ་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། ཐོན་ལས་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད། སྤུས་གསར་ཐོན་སྐྱེད་ནུས་ཤུགས། དམངས་གཉེར་དཔལ་འབྱོར། ཚོང་གཉེར་ཁོར་ཡུག ཚོང་འགུག་དངུལ་འདྲེན་སོགས་ཕྱོགས་ནས་བློ་འདོན་ཇུས་འབུལ་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་དཀའ་གནད་དང་གེགས་གནད་ཐག་གཅོད་པར་རོགས་བྱས་ནས། བྱ་བ་སྣ་ཚོགས་ཐད་ནས་འགག་སྒྲོལ་གསར་པ་བྱེད་པར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པ་དང་། མཚོ་སྔོན་ལ་དགའ་ཞེན་བྱེད་པ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་པ། ཚོང་ར་གསར་འབྱེད་དང་དངུལ་གཏོང་རྒྱ་བསྐྱེད་པ། ལས་རྐང་བརྟན་འཇགས་དང་རྒྱ་བསྐྱེད་པ་སོགས་ཕྱོགས་ནས་འབད་འཐབ་ལྷོད་མེད་བྱེད་པ། ཁེ་ལས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་པ། ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་པ། ཚོང་གཉེར་དོ་དམ་ཕྱོགས་ཡོངས་ནས་ལེགས་སྒྱུར་བྱེད་པ། ཁེ་ལས་ཀྱི་འགན་འཁྲི་ལག་བསྟར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་གྲུབ་འབྲས་སྔར་ལས་ཆེན་པོ་མངོན་པར་བྱེད་དགོས། རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་སོ་སོས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་རྒྱུན་མཐུད་ངང་གསར་སྐྲུན་བྱེད་པ་དང་། ཁེ་ལས་ལ་ཕན་པའི་སྲིད་ཇུས་ཀྱི་ཞིབ་ཚད་དང་ཉེ་གཙང་སྲིད་ཚོང་འབྲེལ་བའི་དྲོད་ཚད་མཐོར་འདེགས་གཏོང་བ། བློ་སེམས་རྩེ་གཅིག་གིས་ཁེ་ལས་ལ་རོགས་བྱས་ནས་སྲིད་ཇུས་ལག་བསྟར་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་། ཚོང་ར་གསར་འབྱེད། ཁེ་དབང་སྲུང་སྐྱོབ། དངུལ་གཏོང་དངུལ་བསྲེས་སོགས་ཕྱོགས་ཀྱི་དཀའ་ཁག་དང་གནད་དོན་ཐག་བཅད་དེ། ཁེ་ལས་ཀྱིས་མཚོ་སྔོན་དུ་སེམས་བདེ་མོས་དངུལ་གཏོང་བྱེད་པ་དང་སེམས་བདེ་མོས་ཚོང་གཉེར་བྱེད་པ། སེམས་བདེ་མོས་ལས་སྐྲུན་བྱེད་པ། སེམས་བདེ་མོས་འཕེལ་རྒྱས་གཏོང་ཐུབ་པར་བྱེད་དགོས།

ཁོང་ཡུང་དང་ཀྲང་ཞའོ་རུང་། ལིས་ཞའོ་ནན་བཅས་གྲོས་སྡུར་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།