ལིས་ཆང་གིས་ཆེད་མཁས་པ་དང་ཁེ་ལས་པ། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད།
2025.01.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 74

ཟླ1ཚེས20ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཆེད་མཁས་པ་དང་ཁེ་ལས་པ། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པ་དང་། 《སྲིད་གཞུང་བྱ་བའི་སྙན་ཞུའི(བསམ་འཆར་བསྡུ་ལེན་མ་ཟིན)》ཐད་ཀྱི་བསམ་འཆར་དང་གྲོས་གཞིར་ཉན།

བཞུགས་མོལ་ཚོགས་འདུའི་ཐོག་ཀྲང་ཧུའེ་དང་། རིན་ཧྲའོ་པོ། ལིག་ཅུན། ལེང་ཝུན་ཧྥུན།    ཝེ་ཧུང་ཞིན། ཁྲིན་ཞུའེ་ཏུང་། ཁྲིན་ཧུང་ཡན། ཏུའུ་པིན། ཙིག་ཅིན་ཡོན་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད། ཚང་མས་བལྟས་ན། ན་ནིང་རྙོག་འཛིང་ཆེ་ཞིང་ཛ་དྲག་གི་གནས་བབ་མདུན་དུ་ང་ཚོའི་རྒྱལ་ཁབ་ཀྱིས་སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་དང་། གསར་གཏོད་རང་བཞིན་གྱི་སྲིད་ཇུས་དང་བྱེད་ཐབས་རྒྱུན་ཆད་མེད་པར་བཏོན་པས།    དཔལ་འབྱོར་འཕར་སྣོན་ཅུང་མགྱོགས་པོ་བྱུང་བ་དང་། ལས་དོན་སྣ་ཚོགས་ལ་འཕེལ་རྒྱས་གསར་པ་བྱུང་བས། གྲུབ་འབྲས་ནི་ལས་སླ་མོ་ཐོབ་པ་ཞིག་མ་རེད། ཚང་མས་ད་དུང་མིག་སྔའི་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་ད་ལོའི་སྲིད་གཞུང་བྱ་བ་ལེགས་པོར་བསྒྲུབ་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་བཏོན།

ཚང་མའི་གཏམ་བཤད་ལ་ཉན་རྗེས། ལིས་ཆང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་གོང་འོག་བར་གསུམ་གྱིས་འབད་བརྩོན་ཆེན་པོ་དང་དཀའ་ངལ་ཁྱད་བསད་བྱས་ཏེ།    ལོ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། “བརྟན་བརླིང”གི་རྨང་གཞི་སྔར་ལས་སྲ་བརྟན་དུ་ཕྱིན་ལ།   “མདུན་སྐྱོད”ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།     དུས་མཚུངས་སུ་རང་རྒྱལ་གྱི་འཕེལ་རྒྱས་ལ་ད་དུང་དཀའ་ངལ་དང་འགྲན་སློང་མི་ཉུང་བ་གནས་ཡོད་པས། གནས་བབ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས་ཉེན་ཁ་གོ་སྐབས་སུ་བསྒྱུར་མཁས་པོ་བྱ་དགོས། རང་རྒྱལ་ལ་ལམ་ལུགས་དང་ཁྲོམ་ར། ཐོན་ལས། ཤེས་ལྡན་མི་སྣ་སོགས་ཕྱོགས་བསྡུས་ཀྱི་ལེགས་ཆ་ཡོད་པས། དཔལ་འབྱོར་ཡུན་རིང་ཇེ་ལེགས་སུ་འགྲོ་བའི་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད་ལ་འགྱུར་བ་འབྱུང་ཡང་མི་སྲིད། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ལེགས་པར་སྒྲུབ་ན། དཔལ་འབྱོར་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་རེད།

ལིས་ཆང་གིས་ནན་གྱིས་བསྟན་དོན། སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་འོས་འཚམ་གྱིས་ཇེ་ཡང་དུ་གཏོང་བ་ལག་བསྟར་བྱས་ཏེ། འགྲན་སློང་ལ་ཁ་གཏད་འཇལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྲིད་ཇུས་ཀྱི་རྒྱབ་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས། བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་བཏང་ནས་སྒོ་འབྱེད་རྒྱ་ཆེར་གཏོང་བ་དང་། ཚོང་གཉེར་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་སྐུལ་སྤེལ་གཏོང་དགོས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྒུལ་ཤུགས་གསར་རྙིང་བརྗེ་སྤོར་བྱེད་པར་སྐུལ་འདེད་བཏང་ནས་དཔལ་འབྱོར་གྱི་འཕར་ཚད་གསར་པ་སྔར་ལས་མང་པོ་སྐྱེད་སྲིང་བྱ་དགོས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་དང་ཁུར་པོ་ཇེ་ཡང་དུ་གཏོང་བ། འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཝུའུ་ཀྲིན་ལུང་བཞུགས་མོལ་ཚོགས་འདུར་ཞུགས།

《སྲིད་གཞུང་གི་བྱ་བའི་སྙན་ཞུའི(བསམ་འཆར་བསྡུ་ལེན་མ་ཟིན)》ཐད་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོར་དུས་མཉམ་དུ་བསམ་འཆར་བསྡུ་ལེན་བྱས་ཡོད།

ཤ་བོ་རིན་མཚོས་བསྒྱུར།