ས་དེའི་དུས་ཚོད་ཟླ1ཚེས19ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཝ་ཧྲིན་ཏོན་དུ་ཨ་རིའི་ཙུང་ཐུང་གཞོན་པར་བདམས་ཐོན་བྱུང་བའི་ཝན་སི་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་དང་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐི་ལིང་ཕུའུ་ཙུང་ཐུང་ལ་བདམས་ཐོན་བྱུང་བར་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་བྱས་པར་མ་ཟད་ཝན་སི་བདམས་ཐོན་བྱུང་བར་ཡང་རྟེན་འབྲེལ་ཞུས། ཧན་ཀྲིན་གྱིས་བསྟན་དོན། ཉེ་ལམ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐི་ལིང་ཕུའུ་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་བའི་ཁ་པར་གལ་ཆེན་བཏང་བ་དང་། དུས་རིམ་རྗེས་མའི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་གཙོ་འཛིན་གྱི་ཕྱི་འབྲེལ་འཐབ་ཇུས་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐི་ལིང་ཕུའུ་ཙུང་ཐུང་ལ་བདམས་ཐོན་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་བརླིང་དང་སྐྱོན་བྲལ། རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།
ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ནི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཚང་མ་རླབས་ཆེན་གྱི་མི་དམངས་ཤིག་ཡིན་པས། མིག་སྔར་ང་ཚོ་ཚང་མས་ཧུར་ཐག་གིས་རང་སོ་སོའི་འཕེལ་རྒྱས་དམིགས་འབེན་དང་ཕུགས་འདུན་མངོན་འགྱུར་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཚེ། ཕན་ཚུན་གྲུབ་འབྲས་ཐོབ་པ་དང་རྒྱལ་ཁབ་གཉིས་ལ་བདེ་སྐྱིད་བསྐྲུན་ཐུབ་པ་མ་ཟད། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་འཇོག་ཐུབ་ངེས་རེད། དཔལ་འབྱོར་ཉོ་འཚོང་འབྲེལ་བ་ནི་ཕྱོགས་གཉིས་ཀྱིས་མཉམ་དུ་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཞིག་ཡིན། ཀྲུང་གོ་དང་ཨ་རིའི་བར་མི་མཐུན་པའི་ཕྱོགས་དང་གཙུབ་བརྡར་ཡོད་མོད། འོན་ཀྱང་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་བར་སྟོང་ཧ་ཅང་ཆེན་པོ་ཡོད་པས། ཕྱོགས་གཉིས་ཀྱིས་དེའི་ཐད་བསམ་ཚུལ་བརྗེ་རེས་དང་གྲོས་མོལ་ལ་ཤུགས་བསྣན་ཆོག
ཝན་སི་ཡིས་ཧན་ཀྲིན་ལ་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བར་བརྒྱུད་བསྒྲགས་གནང་རོགས་ཞུས་པ་དང་། ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཉིན་འགའི་སྔོན་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཁ་པར་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་ལེགས་པོ་གནང་། དཔལ་འབྱོར་ཉོ་འཚོང་འབྲེལ་བ་ནི་ཨ་རི་དང་ཀྲུང་གོ་ཕྱོགས་གཉིས་ལ་མཚོན་ན་ཧ་ཅང་གལ་ཆེ་བ་ཞིག་རེད། ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་ཉིན་རེ་བཞིན་གལ་ཆེའི་ཤུགས་རྐྱེན་འདོན་སྤེལ་བྱེད་བཞིན་ཡོད་པས། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་དང་ཡུན་རིང་དང་གྲུབ་འབྲས་ལྡན་པའི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་། ཕྱོགས་གཉིས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ཀྱི་བསམ་ཚུལ་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། འཛམ་གླིང་ཞི་བདེ་བརྟན་བརླིང་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།
ཤ་བོ་རིན་མཚོས་བསྒྱུར།