ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སློབ་གསོ་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཆར་འགོད་རྩ་གནད(2024---2035ལོའི་བར)》   པར་འགྲེམ་བྱས།
2025.01.21 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 56

ཉེ་ལམ།  ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སློབ་གསོ་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཆར་འགོད་རྩ་གནད(2024---2035ལོའི་བར)》   པར་འགྲེམ་བྱས་པར་མ་ཟད།  ས་གནས་སོ་སོའི་ལས་ཁུངས་ཁག་གིས་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ་ནན་ཏན་སྒོས་དོན་འཁྱོལ་བྱེད་པའི་བླང་བྱ་བཏོན།

《སློབ་གསོ་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཆར་འགོད་རྩ་གནད》ལས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་དཔྱད་བརྗོད་གལ་ཆེན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་།  “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། བློ་ཐག་ཆོད་པའི་སྒོ་ནས“སྲུང་སྐྱོང་གཉིས”སྒྲུབ་པ།  སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་མཐར་ཕྱིན་བྱེད་པ།   བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་འཕེལ་རྒྱས་ལམ་དུ་བསྐྱོད་པ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ།  ཕྱོགས་ཡོངས་ནས་སློབ་གསོའི་ཆབ་སྲིད་རང་བཞིན་དང་།  མི་དམངས་རང་བཞིན །  འཐབ་ཇུས་རང་བཞིན་བཅས་ཁོང་དུ་ཆུད་པར་བྱེད་པ་དང་།  ཀུན་སྤྱོད་ཀྱིས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ།   ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དང་།  ཕྱོགས་ཡོངས་ནས་ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ།  ཀྲུང་གོའི་ས་གཞི་ཆེན་པོར་རྐང་བཙུགས་ནས་སློབ་གསོ་སྒྲུབ་པ་དང།  མགྱོགས་མྱུར་ངང་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་བྱེད་པ།  ཀུན་སྤྱོད་དང་བློ་གྲོས།  ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ་དང་།  སྲིད་དོན་བསམ་བློའི་སྣེ་ཁྲིད་ནུས་པ་དང་ཤེས་ལྡན་མི་སྣའི་འགྲན་རྩོད་ནུས་པ། ཚན་རིག་ལག་རྩལ་གྱི་གཞོགས་འདེགས་ནུས་པ།  དམངས་ཚིས་ཀྱི་འགན་སྲུང་ནུས་པ། སྤྱི་ཚོགས་ཀྱི་མཐུན་སྦྱོར་ནུས་པ།རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་བཅས་ཡོད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་།   ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འདེགས་སྐྱོར་གྱི་ནུས་པ་འདོན་དགོས་པའི་རེ་བ་བཏོན།

བྱ་བའི་ཁྲོད་དུ།  ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་གཞོགས་འདེགས་དང་དམངས་ཚོས་ཀྱི་དགོས་མཁོ་སྐོང་བ།  ཤེས་བྱ་སློབ་སྦྱོང་དང་ཕྱོགས་ཡོངས་འཕེལ་རྒྱས། ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་བ།  གོ་རིམ་ཚད་ལྡན་དང་གསོན་ཤུགས་ཆེར་སྐྱེད།  ཀྲུང་གོའི་ས་གཞི་ཆེན་པོར་རྐང་འཛུགས་པ་དང་རྒྱལ་སྤྱིའི་ཉམས་མྱོང་དཔེར་འཛིན་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས། རྩ་བ་སྲ་བརྟན་དང་བླ་སྲོག་སྐྲུན་པའི་ཆབ་སྲིད་བསམ་བློའི་སློབ་གསོའི་མ་ལག་དང་།   འདྲ་མཉམ་སྤུས་ལེགས་ཀྱི་རྨང་གཞིའི་སློབ་གསོའི་མ་ལག  རང་བརྩོན་ཁྱད་འཕགས་ཀྱི་མཐོ་རིམ་སློབ་གསོའི་མ་ལག  སློབ་གསོ་དང་ཐོན་སྐྱེད་མཉམ་འདྲེས་ཀྱི་ལས་རིགས་སློབ་གསོའི་མ་ལག  ཡོངས་ཁྱབ་ཀྱི་ཚེ་གང་སློབ་གསོའི་མ་ལག  གསར་གཏོད་སྣེ་ཁྲིད་ཀྱི་ཚན་རྩལ་གཞོགས་འདེགས་མ་ལག   བྱང་ཚད་ལྡན་པའི་དགེ་རྒན་དཔུང་སྡེའི་མ་ལག  སྒོ་འབྱེད་དང་ཕན་ཚུན་སློབ་སྦྱོང་གི་རྒྱལ་སྤྱིའི་མཉམ་ལས་མ་ལག་བཅས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཏེ།  ཆེན་པོ་ནས་སྟོབས་ལྡན་གྱི་མ་ལག་ལ་འཕེལ་བ་མངོན་འགྱུར་བྱེད་དགོས།

དམིགས་ཡུལ་གཙོ་བོ་ནི།  2027ལོའི་བར་སློབ་གསོ་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ལོན་པར་བྱེད་དགོས།  རིམ་པ་ཁག་གི་སློབ་གསོ་ཁྱབ་གདལ་དུ་གཏོང་བའི་ཆུ་ཚད་རྒྱུན་མཐུད་ངང་སྲ་བརྟན་དང་མཐོ་རུ་གཏོང་བ་དང་།   སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་རགས་ཙམ་ཆགས་པ།  མི་དམངས་མང་ཚོགས་ཀྱི་སློབ་གསོའི་ཐོབ་ཚོར་མངོན་གསལ་སྒོས་མཐོ་རུ་འགྲོ་བ་དང་།  གོ་ལ་ཧྲིལ་བོར་ཤུགས་རྐྱེན་ཐེབས་ཐུབ་པའི་སློབ་གསོའི་ལྟེ་གནས་གལ་ཆེན་གྱི་འཛུགས་སྐྲུན་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་བྱེད་དགོས།   2035ལོའི་བར་སློབ་གསོ་ལ་བརྟེན་ནས་སྟོབས་ལྟན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་སྟེ།   ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པའི་ལམ་སྲོལ་མ་ལག་དང་བྱ་བའི་ལམ་སྲོལ་མ་ལག་ཆ་ཚང་དུ་གཏོང་བ་དང་།  སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་ཕྱོགས་ཡོངས་ནས་འགྲུབ་པ།  རྨང་གཞིའི་སློབ་གསོ་ཁྱབ་གདལ་བཏང་བའི་ཆུ་ཚད་དང་སློབ་གསོའི་སྤུས་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ།  སློབ་སྦྱོང་རྣམ་པའི་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པ།  མི་དམངས་མང་ཚོགས་ཀྱི་སློབ་གསོའི་ཡིད་ཚིམ་ཚད་མངོན་གསལ་སྒོས་མཐོ་རུ་འགྲོ་བ།  དེང་རབས་ཅན་ཀྱི་སློབ་གསོ་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་པ་བཅས་རེད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།