ཝུའུ་ཞའོ་ཅུན་ཡུས་ཧྲུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2025.01.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

ཟླ1ཚེས21ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཡུས་ཧྲུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་ལྟར། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཆབ་སྲིད་ཀྱི་ཁག་ཁུར་ཇེ་ཆེར་གཏོང་བ། མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། དྲིན་བསམ་ཡར་བརྩོན། དངོས་གཉེར་བརྩོན་ལེན། འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས། དགོས་གཏུགས་འདུ་ཤེས་དྲག་པོར་བརྟེན་ནས། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཡུས་ཧྲུའུ་ཡི་ལེའུ་འབྲི་དགོས་ཞེས་ནན་གྱིས་བསྟན།

གྲོས་ཞིབ་བྱེད་སྐབས། ཚའེ་ཁྲིན་ཡུང་། ཀླུ་མཚོ། ཐཱན་ཧྲིན་སོགས་འཐུས་མི་ཚོས་སྔ་གཞུག་ཏུ་བདེ་ཐང་དང་དེང་རབས་བདེ་སྐྱིད་ལྡན་པའི་ཡུས་ཧྲུའུ་གསར་པ་འཛུགས་སྐྲུན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ལ་སྔར་ལས་ཞབས་འདེགས་ལེགས་པོ་ཞུ་བ། སྐྱེ་ཁམས་ཞིང་ཕྱུགས་ལས་དང་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སོགས་ཀྱི་ཕྱོགས་ལ་གཞིགས་ནས་བསམ་འཆར་དང་གྲོས་གཞི་བཏོན། ཝུའུ་ཞའོ་ཅུན་གྱིས་འཐུས་མི་རྣམས་དང་འབྲེལ་འདྲིས་བརྗེ་རེས་བྱེད་སྐབས་བཤད་རྒྱུར། འདས་པའི་ལོ་གཅིག་གི་རིང་། ཡུས་ཧྲུའུ་ཡིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ཞིང་། དྲིན་གཟོའི་བསམ་ཚུལ་དེ་འགག་སྒྲོལ་དཀའ་སེལ་གྱི་ཡིད་ཆེས་དང་དཔའ་ངར་མདུན་སྐྱོད་ཀྱི་ཆོད་སེམས་ལ་བསྒྱུར་ནས། བྱ་བ་སྣ་ཚོགས་ཐད་གྲུབ་འབྲས་བཟང་པོ་ལེན་པར་སྐུལ་འདེད་བཏང་བ་དང་། ཁུལ་གོང་འོག་ཡོངས་ཀྱི་བསམ་བློའི་རྣམ་པ་གསར་སྒྱུར་དང་། ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་ཕྱིན་ལ། ཁ་ཕྱོགས་དང་བགྲོད་ལམ་སྔར་ལས་གསལ་བོ་ཡིན་པས། འཕེལ་རྒྱས་མདུན་ལྗོངས་སྔར་ལས་ཡངས་པོ་རེད་ཅེས་བསྟན།

ཝུའུ་ཞའོ་ཅུན་གྱིས་ཡུས་ཧྲུའུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཟབ་མོ་གནང་བའི་ས་ཆ་ཡིན་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་གཟིགས་སྐྱོང་དང་བླང་བྱ་གལ་ཆེན་ནི་ང་ཚོས་དཀའ་ཁག་དང་འགྲན་སློང་ཡོད་ཚད་ལ་ཁ་གཏད་འཇལ་བའི་ཡིད་ཆེས་དང་གདིང་ཤུགས་ཡིན་ལ། བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གི་བྱ་གཞག་སྣ་ཚོགས་ལེགས་པོར་སྒྲུབ་པའི་འགན་འཁྲི་དང་སྒུལ་ཤུགས་ཀྱང་ཡིན། བློ་བརྟན་འགྱུར་མེད་སྒོས་ཏང་གི་དྲིན་བསམ་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་དང་། རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲིན་བསམ་པ་དང་། ཏང་ཀྲུང་དབྱང་གི་དྲིན་བསམ་པ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དྲིན་བསམ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་བཏོན་པའི་འཆར་འགོད་ཆེན་མོ་དེ་ཇི་མ་ཇི་བཞིན་དུ་མཛེས་སྡུག་གི་དོན་དངོས་སུ་འགྱུར་བར་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་མཁན་བཟང་པོ་བྱེད་པ་དང་། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་འདོམས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་འགན་སྲུང་། རོང་འབྲོག་མང་ཚོགས་ཀྱི་འབབ་འཕར་བཅས་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་ལྡན་ཞིང་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་གཞི་བསྐྲུན་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། བློ་བརྟན་འགྱུར་མེད་སྒོས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པར་དམིགས་ནས། ཞིང་ཕྱུགས་ཐོན་རྫས་གཞི་ཁྱོན་ཅན་དང་ཚན་རྩལ་ཅན། ཚོང་རྟགས་ཅན། ཁྲོམ་ར་ཅན་བཅས་ལ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་འཕར་གནས་གསར་བ་སྐྱེད་སྲིང་བྱས་ཏེ། ཚོང་དོན་དངོས་རྒྱུག་གི་བྱ་བ་ལེགས་པོར་བསྒྲུབ་དགོས། བློ་བརྟན་འགྱུར་མེད་སྒོས་དམངས་ཚིས་བདེ་སྐྱིད་ལ་འགན་སྲུང་བྱེད་པ་དང་། གསར་དར་གྲོང་རྡལ་ཅན་རྒྱབ་ལྗོངས་འོག་གི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱ་བ་ལེགས་པོར་བསྒྲུབ་པ། ཕྱིར་གཏོང་རྣམ་པའི་ངལ་ལས་ཚོང་རྟགས་བསྐྲུན་ནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ། ས་གནས་གཞན་དུ་སློབ་གྲྭར་འགྲིམ་པ་བརྒྱུད་དེ་མཐོ་སྒང་འབྲོག་ཁུལ་གྱི་སློབ་མར་སློབ་གསོའི་ཐོན་ཁུངས་སྤུས་ལེགས་ལོངས་སྤྱོད་བྱེད་དུ་འཇུག་དགོས། བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་ཡིག་ཚགས་རིམ་སྤོར་ལ་ནུས་ལྡན་སྒོས་སྐུལ་འདེད་གཏོང་བ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་ཏེ། མུ་མཐུད་དུ་ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་འཆམ་མཐུན་བཅས་ཀྱི་རྣམ་པ་ལེགས་པོ་སྲ་བརྟན་དུ་གཏོང་དགོས། བློ་བརྟན་འགྱུར་མེད་སྒོས་ཏང་གི་འཛུགས་སྐྲུན་ཤུགས་སྣོན་པ་དང་། ཁྱད་དབང་བསམ་བློ་དང་ཁྱད་དབང་བྱ་སྤྱོད་མཐའ་གཅིག་ཏུ་རྩ་མེད་གཏོང་བ། རྒྱུན་སྐྱོང་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་དཔའ་ཉམས་ངར་ཤུགས་སྐྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། རྣམ་པ་གསར་བ་དང་ཁག་ཁུར་གསར་བ་གྲུབ་འབྲས་གསར་བས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཡུས་ཧྲུའུ་ཡི་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་གྱི་མགོ་ཁྲིད་ཀྲུའུ་ཞང་ཧྥུན་དང་ཝང་ཅིན་ཀྲའེ་གྲོས་ཞིབ་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།