ཟླ1ཚེས19ཉིན་གྱི་དགོང་མོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་ལ་འཚམས་འདྲི་བྱས་པར་མ་ཟད་བཞུགས་མོལ་བརྗེ་རེས་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་བཞུགས་མོལ་ལ་མགོ་འཛིན་བྱས།
ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་ཚོར་དགའ་བསུ་ཞུས་པ་དང་། ཁོ་ཚོས་དུས་ཡུན་རིང་བོར་མཚོ་སྔོན་དང་ཞང་ཀང་ཨོ་མིན་བར་གྱི་མཉམ་ལས་བརྗེ་རེས་ལ་སྐུལ་འདེད་བཏང་བ་དང་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་མཛད་པ་དང་། མཐོ་སྒང་གི་རིགས་སོ་སོའི་མི་དམངས་ཡིད་ལ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ་ཐེངས་གསུམ་ལ་མཚོ་སྔོན་དུ་གཟིགས་ཞིབ་མཛད་པ་དང་ཐེངས་གཉིས་ལ་རྒྱལ་ཡོངས་དམངས་ཆེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་ནས། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ངེས་གནས་གཏན་ཁེལ་གསལ་བོ་བྱས་པ་དང་། རྒྱུན་འཁྱོངས་གསུམ་གྱི་བླང་བྱ་གལ་ཆེན་བཏོན་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་རླབས་ཆེན་འཆར་གཞི་བཀོད་དེ། ང་ཚོས་མཚོ་སྔོན་གྱི་བྱ་བ་བཟང་བོར་སྒྲུབ་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ལ། སྒུལ་ཤུགས་ཆེན་པོ་བསྣན། ལོ་གཅིག་གི་རིང་ལ། ང་ཚོས་མངག་བཅོལ་ཡིད་ལ་བརྟན་པོར་བཟུང་བ་དང་དྲིན་བཟོ་མདུན་སྐྱོད་བྱས་པས། དཔལ་འབྱོར་འཁོར་རྒྱུག་བརྟན་བརླིང་དང་བདེ་ཐང་ཡིན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་ཁྱད་ཆོས་མང་པོ་མངོན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཐད་ནས་གོམ་སྟབས་བརྟན་པོ་བསྒྱུར། དེ་དག་འདིར་བཞུགས་ཀྱི་ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་ཚོའི་ཐུགས་ཁུར་དང་རྒྱབ་སྐྱོར་དང་འབྲལ་ཐབས་མེད།
ལའོ་ཏུང་ཁྲོན་གྱིས་བཤད་རྒྱུར། མིག་སྔར། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་དེ་གནད་འགག་དུས་སྐབས་སུ་སླེབས་པ་དང་། འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེ་བས། ང་ཚོས་མཚོ་སྔོན་དང་ཞང་ཀང་ཨོ་མིན་བར་གྱི་བརྗེ་རེས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། གཉིས་ཕན་མཉམ་རྒྱལ་ཇེ་ཟབ་ཏུ་བཏང་སྟེ། བཅོས་བསྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་བྱེད་པར་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་སྣོན་རྒྱུ་ཡིན། ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་ཚོས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་དང་། སྲིད་ཞུགས་སྲིད་གླེང་གི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། ཟམ་ཐག་འཛུགས་པ། ཞང་ཀང་དང་ཨོ་མིན་གྱི་ཁྱད་འཕགས་ཐོན་ཁུངས་ཀྱི་དགེ་མཚན་ལ་རྒྱབ་རྟེན་ནས། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ། ལྗང་མདོག་རྩིས་གློག་མཉམ་འབྲེལ་འཕེལ་རྒྱས་སུ་གཏོང་བ་སོགས་ཕྱོགས་ནས་འགག་སྒྲོལ་གསར་བ་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས།
བཞུགས་མོལ་ཚོགས་འདུའི་སྟེང་། ཝུའུ་ཧན་ཀྲུང་དང་ཧུའུ་ཏཱ་ཀྲུང་། ཀྲང་རན། ཞུས་ཞའོ་དབྱིན། ཧུའུ་ཅིན་ཧན། ལེན་ཀྲུང་ཧུའེ་སོགས་ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་གྱིས་སྔ་གཞུག་ཏུ་གཏམ་བཤད་དེ། མཚོ་སྔོན་གྱི་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་གསར་བར་གདེང་འཇོག་ཚད་མཐོན་པོ་བྱས། ཚང་མས་མཐའ་གཅིག་ཏུ། མཚོ་སྔོན་དང་ཞང་ཀང་ཨོ་མིན་གྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འབྲེལ་འདྲིས་པ་དང་ཞབས་ཞུ་པ་བྱེད་པ་དང་། མཚོ་སྔོན་དྲིལ་སྒྲོག་དང་ངོ་སྤྲོད་བཟང་བོ་བྱེད་པ། མཚོ་སྔོན་དང་ཞང་ཀང་ཨོ་མིན་ས་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། གནས་སྐོར། རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱུན་མཐུད་ངང་ཇེ་ཟབ་ཏུ་བཏང་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་ཁྲོད་གྲུབ་འབྲས་ཆེན་པོ་སྔར་ལས་གསར་བ་མངོན་པར་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁོང་ཡུང་བཞུགས་མོལ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།