ཟླ1ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཏ་ཝའོ་སི་རུ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2025ལོའི་ལོ་ཚོགས་ལ་ཞུགས་པ་དང་། ཁ་བྱང་ལ“ཕྱོགས་མང་རིང་ལུགས་ངོ་མ་བརྟན་སྲུང་བྱས་ཏེ་སྒོ་འབྱེད་དཀྱེལ་ཡངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་ཤིས་ཚིག་ཕུལ།
ཏེན་ཞུའེ་ཞང་གིས་བཤད་རྒྱུར། ལོ་ངོ་བརྒྱད་ཀྱི་ཡར་སྔོན་དུ་གནས་འདི་ནས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཏམ་བཤད་གལ་ཆེན་གནང་བ་དང་། དཔལ་འབྱོར་འཛམ་གླིང་ཅན་ལ་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་ལག་བསྟར་བྱེད་པ། མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་དགོས་པ་བསྟན་པར་མ་ཟད། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ལན་གསལ་བོ་བཏབ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཛུབ་སྟོན་གལ་ཆེན་འདོན་སྤྲོད་བྱས། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་། འཛམ་གླིང་གི་བཅོས་སྐྱོང་མ་ལག་གཏིང་ཟབ་པའི་སྒོ་ནས་ལེགས་སྒྲིག་བྱས་པས། མིའི་རིགས་ཀྱི་སྤྱི་ཚོགས་ཡང་བསྐྱར་གནད་འགག་གི་དུས་སྐབས་སུ་སླེབས། ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་ལ་ཕྱིར་དྲན་བྱེད་དགོས་པ་དང་། བློ་རྩ་བརྟན་པོ་དང་མཐུན་སྒྲིལ་རོགས་ལས་ལ་བརྟེན་ནས་དཀའ་ཁག་ཆེན་པོའི་ཁྲོད་ལག་རྡང་སྦྲེལ་ཏེ་མདུན་སྐྱོད་བྱེད་དགོས་ལ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་འཛམ་གླིང་ལ་སྔར་ལས་མང་པོའི་བརྟན་འཇགས་རང་བཞིན་དང་གཏན་འཁེལ་རང་བཞིན་ལྡན་པར་བྱེད་དགོས་པར་མ་ཟད། མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་དྲང་བདེན་གྱི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་དགོས།
ཏེན་ཞུའེ་ཞང་གིས་གྲོས་འགོ་བཞི་བཏོན་པ་སྟེ། གཅིག་ནི་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། གཉིས་ཕན་མཉམ་ལས་ཀྱི་གཉིས་རྒྱལ་མང་རྒྱལ་བགྲོད་ལམ་འཚོལ་ཞིབ་བྱས་ནས་དཔལ་འབྱོར་འཛམ་གླིང་ཅན་གྱི་ཕན་འབྲས་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས། གཉིས་ནི་ཕྱོགས་མང་རིང་ལུགས་ངོ་མ་མཉམ་དུ་སྲུང་སྐྱོང་དང་ལག་བསྟར་བྱེད་པ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་འཛུགས་བཅས་ཀྱི་འཛམ་གླིང་བཅོས་སྐྱོང་ལྟ་བ་རྒྱུན་འཁྱོངས་བྱེད་པ། སྒོ་འབྱེད་དང་དཀྱེལ་ཡངས། མཐོང་ཆུང་མི་བྱེད་པ་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཁོར་ཡུག་སྐྲུན་དགོས། གསུམ་ནི་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་དང་དགེ་མཚན་གསར་བ་མཉམ་དུ་སྐྲུན་པ་དང་། ཚན་རྩལ་གྲུབ་འབྲས་རྒྱུན་འཁྱོངས་བྱས་ནས་མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་ཏེ་རྒྱལ་ཁབ་སྔར་ལས་མང་པོ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་བྱེད་དགོས། བཞི་ནི་འཛམ་གླིང་རང་བཞིན་གྱི་འགྲང་རྩོད་གལ་ཆེན་ལ་མཉམ་དུ་ཁ་གཏད་འཇལ་བ་དང་། གོ་ལ་ཧྲིལ་བོའི་གྲོས་འགོ་ཆེན་པོ་གསུམ་ལ་ལག་རྡང་སྦྲེལ་ནས་སྐུལ་འདེད་བཏང་སྟེ་དཀའ་ངལ་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས།
ཏེན་ཞུའེ་ཞང་གིས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ལྗང་མདོག་ཐྰན་ཉུང་ཚུལ་སྒྱུར་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་གཏོང་བ། བཅོས་སྒྱུར་སྒོ་འབྱེད་མུ་མཐུད་དུ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་སོགས་འཕེལ་ཕྱོགས་རང་བཞིན་གྱི་ཁྱད་ཆོས་མཚམས་སྦྱོར་བྱས་པ་དང་། ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་འཇགས་དང་བརྟན་འཇགས་ཁྲོད་ཡར་རྒྱས་ཕྱིན་པ། དཔལ་འབྱོར་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་གྱི་གྲུབ་འབྲས་མངོན་གསལ་ཡིན་པ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ངང་ཆགས་བཞིན་ཡོད་པས། ཚང་མ་མ་འོངས་པའི་འཕེལ་རྒྱས་ལ་ཡོད་ཆེས་ཀྱིས་ཁེངས་ཡོད་པ་ནན་བཤད་གནང་། ཀྲུང་གོའི་སྒོ་འབྱེད་ཀྱི་མདུན་ལམ་སྔར་ལས་ཇེ་ཡངས་དང་ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་འགྲོ་ངེས་ཡིན་པས། ཕྱི་རྒྱལ་གྱི་ཁེ་ལས་སྔར་ལས་མང་པོ་ཀྲུང་གོར་དངུལ་གཏོང་ལས་སྐྲུན་བྱེད་དུ་ཡོང་བ་དང་། གོ་སྐབས་མཉམ་སྤྱོད་ཁྲོད་འཕེལ་རྒྱས་སྔར་ལས་བཟང་པོ་མངོན་འགྱུར་བྱེད་པར་དགའ་བསུ་ཞུ་ཞེས་གསུངས།
ཤིས་ཚིག་ཕུལ་རྗེས། ཏེན་ཞུའེ་ཞང་གིས་རྒྱལ་སྤྱིའི་སྒྲིག་ལམ་དང་མིས་ཐབས་རིག་ནུས་སོགས་ཀྱི་ཐད་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་གསར་གཏོད་མཁན་དང་ཀྲུའུ་ཞིའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཧྲི་ཝ་པུའུ་ཡི་དྲི་བར་ལན་བཏབ།
གླེང་སྟེགས་སྐབས་སུ། ཏེན་ཞུའེ་ཞང་གིས་ད་དུང་སེ་ཨར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་། ཡའོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན། འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཏིན་ཧུང་སུན་བཅས་ལ་ཐུག་འཕྲད་བྱས།
ཉིན་དེར། ཏེན་ཞུའེ་ཞང་གིས་རྒྱལ་སྤྱིའི་བཟོ་ཚོང་ལས་རིགས་ཀྱི་མི་སྣ་དང་བརྗེ་རེས་གཏིང་ཟབ་གནང་། ཁོ་ཚོས་ཀྲུང་གོའི་སྲིད་གཞུང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་སྲིད་ཇུས་བྱེད་ཐབས་ལ་གདེང་འཇོག་མཐོན་པོ་བྱས་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་ཡིད་ཆེས་ཀྱིས་ཁེངས་ཤིང་། མུ་མཐུད་དུ་ཀྲུང་གོར་དོ་ཁུར་དང་ཀྲུང་གོར་དངུལ་གཏོང་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།
ཤ་བོ་གསེར་མཚོས་བསྒྱུར།