སྲིད་གྲོས་ཨུ་ཡོན་གྱིས་སེམས་གཏམ་གླེང་བ།
2025.01.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 41

 ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནུབ་རྒྱུད་གཏེར་ཁུལ་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན། ཀུང་ཅཱན་ཧྭ།

   མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནུབ་རྒྱུད་གཏེར་ཁུལ་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན། ཀུང་ཅཱན་ཧྭ་ཡིས་བཤད་རྒྱུར། 

     ཁྲིམས་ཁང་གི་སྡེ་ཁག་ནས་ཡོང་བའི་ཞིང་ཆེན་གྱི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། ང་རང་ཁྲིམས་འཛུགས་ལམ་ལུགས་བཅོས་སྒྱུར་གྱི་བརྒྱུད་རིམ་དེར་དངོས་སུ་བརྒྱུད་མཁན་དུ་གྱུར་བ་ཧ་ཅང་དགའ་ཡོད་དེ། གྱོད་དོན་ཐོ་འགོད་ལམ་ལུགས་ནས་རིག་ནུས་ཁྲིམས་ཁང་འཛུགས་སྐྲུན་བྱས་པ་དང་། འགལ་བ་རིགས་སྣ་ཚོགས་ཐག་གཅོད་བྱེད་པ་ནས་འདྲི་གཅོད་ལྟ་སྐུལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་བའི་བར། ཁྲིམས་འཛིན་གྱི་བརྒྱུད་རིམ་རེ་རེ་སྔར་བས་ལས་ཆོད་མཐོ་ཞིང་ཕྱི་གསལ་ནང་གསལ་ཞིག་རེད། ངས་ཐོག་མཐའ་བར་གསུམ་དུ་རང་གི་བྱ་བ་དང་སྲིད་གྲོས་ཀྱི་འགན་སྒྲུབ་གཉིས་ཟུང་འབྲེལ་བྱས་ནས། ད་ལོར་བཅོས་སྒྱུར་ལག་ལེན་ལ་ཧུར་ཐག་གིས་ཞུགས་པ་དང་། ཁྲིམས་ཁང་གི་བྱ་བའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྔར་ལས་དྲང་གཞག་དང་ལས་ཆོད་མཐོ་བའི་ཁྲིམས་འཛིན་ཞབས་ཞུས་མི་དམངས་མང་ཚོགས་ཀྱི་རེ་བ་གསར་བ་བསྐངས་ཏེ། སྤྱི་ཚོགས་འཕེལ་རྒྱས་ཐད་ཁྲིམས་སྐྱོང་གི་སྒུལ་ཤུགས་གསར་བ་སྣོན་རྒྱུ་ཡིན།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་སྔོན་ནན་ཅཱ་སྐྱེ་ཁམས་ཁོར་ཡུག་གསར་སྤེལ་ཚད་ཡོད་ཀུང་ཟིའི་སྤྱིའི་འགན་འཛིན་པ། རྒྱ་མོ་ཐར། 

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་སྔོན་ནན་ཅཱ་སྐྱེ་ཁམས་ཁོར་ཡུག་གསར་འབྱེད་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ། རྒྱ་མོ་ཐར་གྱིས་བཤད་རྒྱུར། 

ང་ནི་རྩྭ་ཐང་ནས་འཚར་ལོངས་བྱུང་བ་ཡིན་ལ། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ཀུང་ཟི་གསར་འཛུགས་བྱས་པ་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁེ་ལས་ལ་རོགས་སྐྱོར་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་བཅོས་སྒྱུར་བྱེད་ཐབས་སྣ་ཚོགས་བཏོན་ནས། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱས་པ་དང་། ང་ཚོའི་དམངས་གཉེར་ཁེ་ལས་འཕེལ་རྒྱས་བཟང་པོར་འགྲོ་བར་རོགས་རམ་བྱས། ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ཕྱོགས་ཡོངས་ནས་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་བཏོན་ཡོད་ལ།  དེས་ངས་ཁེ་ལས་ལེགས་པར་སྐྱོང་བའི་ཆོད་སེམས་ཇེ་བརྟན་དུ་བཏང་བས། ངས་ཐོན་རྫས་ཀྱི་སྤུས་ཀ་ཇེ་ལེགས་སུ་བཏང་ནས། ཁེ་ལས་སྟོབས་ཆེར་གཏོང་བ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་དམངས་གཉེར་ཁེ་ལས་ཀྱི་བྱས་རྗེས་འཇོག་རྒྱུ་ཡིན།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལཱར་རིགས་རང་སྐྱོང་རྫོང་གི་སློབ་འབྲིང་གཉིས་པའི་དགེ་རྒན། ཐིའེ་ཡུས་ཧྭ།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལཱར་རིགས་རང་སྐྱོང་རྫོང་གི་སློབ་འབྲིང་གཉིས་པའི་དགེ་རྒན། ཐིའེ་ཡུས་ཧྭ་ཡིས་བཤད་རྒྱུར། ད་ལོ་ནས་བཟུང་། མཚོ་སྔོན་གྱིས་མཐོ་རྒྱུགས་བཅོས་སྒྱུར་གྱི་གོམས་སྟབས་སྙེག་ནས་མཐོ་རྒྱུགས་གསར་བ་བཅོས་སྒྱུར་བྱེད་པའི་གྲས་སུ་ཞུགས་པ་དང་། མཐོ་རྒྱུགས་ཀྱི་གཅིག་གྱུར་བསླབ་ཚན་གསུམ་དང་ཐོག་མར་འདེམ་པའི་བསླབ་ཚན་གཅིག  བསྐྱར་འདེམ་བསླབ་ཚན་གཉིས་བཅས་ཀྱི་རྣམ་པ་སྤྱད་པས། སློབ་མ་རྣམས་ཀྱིས་རང་གི་དགའ་ཕྱོགས་དང་ཁྱད་ཆོས་གཞིར་བཟུང་ནས་བསླབ་ཚན་གདམ་གསེས་བྱེད་ཐུབ་པ་སྟེ། དཔེར་ན་དངོས་ལུགས་དང་ས་ཁམས་ལ་དགའ་བའི་སློབ་མས་བསླབ་ཚན་འདི་གཉིས་གཞིར་བཟུང་སྟེ་བསླབ་ཚན་གཞན་པ་གདམ་གསེས་བྱེད་ཐུབ་པ་དང་། རང་གི་འཇོན་ནུས་གང་འདོད་དུ་ངོམ་ཆོག བྱེད་ཐབས་འདི་རྒྱལ་ཁབ་ཀྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་དགོས་མཁོར་འཚམ་པའི་འཇོན་མི་མང་པོ་སྐྱེད་སྲིང་བྱེད་པར་མཐུན་པས། དེར་རོགས་འདེགས་ཀྱི་ནུས་པ་ཆེན་པོ་ཡོད། 


ལྷ་མོ་འཚོས་བསྒྱུར།