ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚེས23ཉིན་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་ཁུར་བའི་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མཉམ་དུ་ལོ་སར་གྱི་དུས་སྟོན་ལ་རོལ་བར་མ་ཟད། ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚབ་མཛད་ནས་རྒྱལ་ཡོངས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ལོ་སར་གྱི་སྨོན་འདུན་ཞུས།
ཝང་ཧུའུ་ཉིང་གིས་རྒྱལ་ཡོངས་རང་ཞིན་གྱི་ཆོས་ལུགས་ཚོགས་པའི2024ལོའི་བྱ་བར་ཁས་ལེན་བྱས་པ་དང་། 2025ལོའི་བྱ་བར་བླང་བྱ་བཏོན། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཆོས་ལུགས་བྱ་བའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཆོས་ལུགས་ལས་དོན་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་པ། བདེ་ཐང་གི་ཆོས་ལུགས་འབྲེལ་བ་ཧུར་ཐག་གིས་སྒྲིག་འཛུགས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་སྟོབས་ཤུགས་འབུལ་དགོས། བསམ་བློའི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་བྱས་ནས་ཆོས་ལུགས་ལས་རིགས་དང་དད་ལྡན་མང་ཚོགས་ཀྱི་མོས་མཐུན་ལྔ་ལ་ཁྲིད་སྟོན་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། རང་རྒྱལ་གྱི་ཁྱད་ཆོས་གནས་ཚུལ་དང་འཚམ་པའི་ཆོས་ལུགས་དགོངས་པ་རིམ་བཞིན་གྲུབ་པར་བྱེད་དགོས། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་པ་དང་། ཆོས་ལུགས་ལས་རིགས་དང་དད་ལྡན་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས། ཁྱོན་ཡོངས་ནས་ཆོས་ལུགས་ནན་སྐྱོང་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་ལས་རིགས་ཀྱི་རང་ལ་སློབ་གསོ་དང་རང་ལ་དོ་དམ། རང་ལ་གཅུན་འདོམ་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།
ཧྲི་ཐའེ་ཧྥིན་བཞུགས་མོལ་ཚོགས་འདུར་ཞུགས། ཀྲུང་གོའི་ནང་བསྟན་མཐུན་ཚོགས་དང་ཀྲུང་གོའི་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས། ཀྲུང་གོའི་གནམ་བདག་ཆོས་ལུགས་རྒྱལ་གཅེས་ཚོགས་པ། ཀྲུང་གོའི་ཡེ་ཤུའི་ཆོས་ལུགས་རྒྱལ་གཅེས་འགུལ་སྐྱོད་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་བཅས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད།
ཤ་བོ་གསེར་མཚོས་བསྒྱུར།