ཟླ1པོའི་ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཧའེ་ཡ་རུ་ཧོ་ལན་གྱི་རྒྱལ་པོ་ཝེ་ལེན་ཡ་ལི་ཧྲན་ཏ་ལ་མཇལ་འཕྲད་གནང་།
ཏེན་ཞུའེ་ཞང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་དང་དགེ་རྒན་ཆེན་མོ་ཕུན་ལིས་ཡོན་གཉིས་ཀྱིས་རྒྱལ་པོ་ཝེ་ལན་ཡ་ལི་ཧྲན་ཏ་དང་རྒྱལ་མོ་མ་ཁེ་ཞི་མར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་མཛད། ཁོང་གིས་ཀྲུང་གོ་དང་ཧི་ལན་བར་འབྲེལ་བ་བཙུགས་ནས་ལོ་བཅུ་ཕྲག་འགའི་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་ཁ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ནས། དངོས་གཉེར་མཉམ་ལས་དེ་ཀྲུང་གོ་དང་ཡོ་རོབ་མཉམ་ལས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧི་ལན་ཕྱོགས་དང་མུ་མཐུད་དུ་རྒྱུས་ལོན་དང་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཀྲུང་གོ་དང་ཧི་ལན་གྱི་སྒོ་འབྱེད་དངོས་གཉེར་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།
ཏེན་ཞུའེ་ཞང་གིས་ཀྲུང་གོ་དང་ཧི་ལན་ནི་ཚོང་ལས་ཀྱི་གྲོགས་པོ་གལ་ཆེན་ཡིན་པ་དང་། ཕྱོགས་གཉིས་ཀྱི་ཚོང་ལས་ཐད་ཀྱི་སྒོར་མོ་དེ་ལོ་ངོ་བཞིའི་རིང་ལ་བསྟུད་མར་ཨ་སྒོར་ཁྲག་ཁྲིག་གཅིག་ལས་ལས་བརྒལ་ཡོད། ཕྱོགས་གཉིས་ཀྱིས་སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱས་ནས། རང་སོ་སོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་རོགས་རམ་བྱས་ཡོད། ཀྲུང་གོ་དང་ཧི་ལན་གྱིས་འཛམ་གླིང་གི་ཐོན་སྐྱེད་མཁོ་སྤྲོད་ཕྲེང་འབྲེལ་གྱི་ལྷུ་ཚིགས་མི་འདྲ་བར་རང་རང་གི་ལེགས་ཆ་ཡོད་པས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ནུས་པ་ཆེན་པོ་ཡོད་པ་དང་། དེ་ཕྱོགས་གཉིས་ཀྱི་ཁེ་ཕན་དང་མཐུན་ལ་འཛམ་གླིང་གི་ཞི་བདེ་བརྟན་འཇགས་དང་འཕེལ་རྒྱས་ཡར་རྒྱས་ལའང་ཕན་ཐོགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ཧི་ལན་ཕྱོགས་དང་མཉམ་དུ་འཛམ་གླིང་གི་ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་པོ་དང་ཤར་བགྲོད་ཐུབ་པར་མཉམ་དུ་སྲུང་སྐྱོང་བྱས་ཏེ། ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་འདོད་ཡོད། ཧི་ལན་གྱི་སྤྱི་དམངས་སྔར་ལས་མང་པོ་ཀྲུང་གོར་ཚོང་ལས་དང་ཡུལ་སྐོར་དུ་ཡོང་བར་དགའ་བསུ་ཞུ་རྒྱུ་དང་ཕྱོགས་གཉིས་ཀྱི་ན་གཞོན་དང་། རིག་གནས། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཅེས་གསུངས།
ཝེ་ལན་ཡ་ལི་ཧྲན་ཏ་ཡིས་ཏེན་ཞུའེ་ཞང་ལ་ཁོང་དང་རྒྱལ་མོ་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་དགེ་རྒན་ཆེན་མོ་ཕུན་ལེ་ཡོན་གཉིས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་བསྒྲགས་གནང་རོགས་ཞུས་ཤིང་། ཁོས2015ལོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པར་སྤྲོ་སྣང་ཆེན་པོས་ཕྱིར་དྲན་བྱས་ཏེ། ཧི་ལན་དང་ཀྲུང་གོའི་བར་གྱི་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་ལ་བརྩེ་བ་ཟབ་མོ་བཅངས་ཡོད། 2014ལོར། ཀྲུའུ་ཞི་ཞི་ཅིན་ཕིང་ཧི་ལན་དུ་རྒྱལ་དོན་འཚམས་འདྲིར་ཕེབས་སྐབས། ཕྱོགས་གཉིས་ཀྱིས་ཧོ་ལན་དང་ཀྲུང་གོའི་སྒོ་འབྱེད་དངོས་གཉེར་གྱི་ཁྱོན་ཡོངས་མཉམ་ལས་གྲོགས་པོའི་འབྲེལ་བའི་ངེས་གནས་གསར་པ་མཉམ་དུ་གཏན་འཁེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྒུལ་ཤུགས་དྲག་པོ་བསྣན་ཡོད། ཧི་ལན་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་ཕན་ཚུན་ཡིད་ཆེས་དང་མཛའ་བརྩེ་ལ་མཐོང་ཆེན་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་ཧི་ལན་དང་ཀྲུང་གོའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་གསར་པ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད། མིག་སྔའི་ས་བབ་ཆབ་སྲིད་ཀྱི་གདོང་ཐུག་གི་མདུན་དུ་རྒྱལ་ཁབ་སོ་སོས་ལྷག་བསམ་ཟོལ་མེད་ཀྱིས་ཕན་ཚུན་འབྲེལ་གཏུག་དང་། ཐུན་མོང་ངོས་འཛིན་འཚོལ་བ། མཐུན་སྒྲིལ་མཉམ་ལས་བཅས་བྱས་ནས་འཛམ་གླིང་གི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་དགོས་པར་བསྟན།
གཡང་འབུམ་རྒྱལ་གྱིས་བསྒྱུར།