ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གཏམ་བཤད།
2025.01.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

ཟླ1པའི་ཚེས23ཉིན། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་གྲོལ་མ་ཐག་ཏུ། ཞིང་ཆེན་སྲིད་གཞུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ནས། དོན་འཁྱོལ་ལས་དོན་ཐད་བཀོད་སྒྲིག་བྱས་ཏེ། 《སྲིད་གཞུང་བྱ་བའི་སྙན་ཞུའི》གཙོ་གནད་ལས་འགན་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་རྒྱུ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཡིད་ཆེས་བརྟན་གཏོང་དང་ལས་སྒྲུབ་སྔོན་བརྩོན་བྱས་ནས། འགན་འཁྲི་ནན་གཏོང་དང་དངོས་འབེབས་དམ་འཛིན་བྱས་ཏེ། མགོ་བརྩམས་པ་ནི་ཐག་གཅོད་འཐབ་འཛིང་གི་ངར་ཤུགས་ཡིན་པ་དང་། མགོ་བརྩམས་པ་ནི་དམིགས་སར་སླེབས་ཆེད་ཡིན་པའི་བསམ་པ་བཅངས་ནས། སྲིད་ཇུས་སྔ་མོ་ནས་དོན་འཁྱོལ་བྱེད་རྒྱུ་དང་ལས་གཞིར་སྔ་མོ་ནས་སྐུལ་འདེད་གཏོང་བ། བྱེད་ཐབས་ལ་གང་མགྱོགས་སྒོས་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་སྟེ། ད་ལོའི་ལས་རིམ་སོ་སོ་མགོ་ཡག་པོ་ཞིག་རྩོམ་པར་འབད་འབུངས་བྱེད་དགོས་ཞེས་ནན་བཤད་བྱས།

ལའོ་ཏུང་ཁྲོན་གྱིས་ས་གནས་དང་སྡེ་ཁག་སོ་སོས་སྲིད་ཇུས་དང་བྱེད་ཐབས་ཁག་ཚང་མ་གང་མགྱོགས་ལག་བསྟར་བྱས་ནས་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་། དཔལ་འབྱོར་འཁོར་སྐྱོད་ཀྱི་བཀོད་གཏོང་ལྟ་ཞིབ་ཚད་ལེན་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་པ། གནོད་འཚེ་སྔོན་འགོག་དང་ཕྱུགས་རིགས་ལ་སྲུང་སྐྱོབ་བྱེད་པ། དཔྱིད་ཀའི་རྨོ་འདེབས་ལས་དོན་གྲ་སྒྲིག་སོགས་ཀྱི་ལས་དོན་ལ་གཅིག་གྱུར་སྒོས་འཆར་འགོད་ཡག་པོ་བྱས་ཏེ། དུས་ཚིགས་དང་པོའི་ནང་དུ། “འགོ་ཡག་པོ་ཞིག་རྩོམ་ཐུབ་པར”འགན་ལེན་བྱེད་དགོས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད”ལ་སྤུས་ཚད་མཐོ་བའི་སྒོ་ནས་ཇུས་འགོད་བྱས་ཏེ། འཐབ་ཇུས་ཀྱི་ལས་འགན་གལ་ཆེན་དང་བཅོས་སྒྱུར་གྱི་བྱེད་ཐབས་གལ་ཆེན། བཟོ་སྐྲུན་ལས་གཞི་གལ་ཆེན་བཅས་ལ་འཆར་འགོད་ཡག་པོ་བྱེད་དགོས། འཐུས་མིའི་གྲོས་འགོ་དང་སྲིད་གྲོས་ཀྱི་གྲོས་གཞི་སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བའི་སྒོ་ནས་ཡོངས་འགྲུབ་བྱེད་རྒྱུ་དང་། དོན་དག་རེ་རེ་བཞིན་ཐག་གཅོད་བྱེད་པ་དང་དོན་དག་ཚང་མར་ཨ་ལན་ཡག་པོ་སྟེར་དགོས། དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་དང་དམངས་ཚིས་ཀྱི་ཚོང་ཟོག་གལ་ཆེན་ལ་མཁོ་སྤྲོད་འགན་ལེན་བྱེད་པ། ལུགས་རྙིང་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་ཞབས་ཞུར་འགན་ལེན་བྱེད་པ། སྤྱི་ཚོགས་བརྟན་བརླིང་སོགས་ཀྱི་ལས་དོན་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་སྤྲོ་སྣང་དང་བདེ་སྐྱིད་ལྡན་པའི་དུས་ཆེན་ཞིག་རོལ་དུ་འཇུག་དགོས་པའི་བླང་བྱ་བཏོན།

ཀྲང་ཅིན་ཀང་དང་ཚེ་རིང་ཐར། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ཝང་ཧའེ་ཧུང་། ཁྲིན་ཅི་ཝེ་བཅས་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།