མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
2025.01.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ1ཚེས24ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ཏེ། ཉེ་དུས་ཀྱི་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་དང་སྐབས་བཅུ་བཞི་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། འབྲེལ་ཡོད་བྱ་བ་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ཟླ1ཚེས20ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་སར་ཇ་སྟོན་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སློབ་སྦྱོང་དང་རྒྱུས་ལོན་ནན་མོ་བྱེད་པ་དང་། དོན་སྙིང་གཙོ་བོར་གོ་བ་ཟབ་མོ་ལེན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་སྲིད་གྲོས་ཀྱི་འགན་སྒྲུབ་བྱ་བའི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོ་རུ་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་པ་དང་། ལྷག་པར་དུ་མིག་སྔར་གྱི་ལོ་གསར་བ་མགོ་རྩོམ་པའི་གནད་འགག་དུས་སྐབས་སུ། སློབ་སྦྱོང་ལག་བསྟར་བྱ་བ་དང་སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་དམ་པོ་བྱེད་པ། བྱ་བའི་མགོ་ཚུགས་ས་དང་ཤུགས་འདོན་ས་བཙལ་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་ལག་བསྟར་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་དངོས་དང་ཕན་འབྲས་དངོས་ལ་བསྒྱུར་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རེ་བ་ལྟར། ཏང་ཙུའུ་དམངས་གཙོ་འཚོ་བའི་གྲོས་ཚོགས་ལ་གྲ་སྒྲིག་ནན་མོ་དང་རྩ་འཛུགས་བཟང་བོ་བྱེད་པ་དང་། ཏང་ཙུའུ་ཁོངས་མིས་གཅིག་འདོམས་བཀོད་སྒྲིག་བྱས་ཏེ། འབྲེལ་གནས་རྫོང་དང་ཆུའུ་རུ་སོང་ནས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོར་འཚོགས་པར་མཛུབ་སྟོན་བྱེད་དགོས།

ཚོགས་ཐོག་ནས་ཞིང་ཆེན་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྲིད་གྲོས་ཀྱི་བྱ་བ་དེ་ཞིང་ཆེན་ཡོངས་ཀྱི་སྤྱིའི་བྱ་བའི་ཁྲོད་བཞག་ནས་བསམ་གཞིགས་གཏོང་བ་དང་ཇུས་འགོད་ལག་བསྟར་བྱེད་པ་དང་། སྲིད་གྲོས་ཏང་ཙུའུ་དང་ཨུ་ཡོན་གྱི་བྱ་བའི་གཙོ་གནད་གཏན་འབེབས་བཟང་བོ་བྱེད་པ། སྲིད་གྲོས་བྱ་བ་དེ་ནམ་ཡང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་གོམ་སྟབས་གཅིག་མཐུན་ཡོང་བར་བྱས་ནས། སྲིད་གྲོས་ཀྱི་བྱ་བ་སྣ་ཚོགས་མགྱོགས་ཤིང་བརྟན་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱེད་དགོས། སྲིད་གྲོས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བརྒྱུད་སྒྲོག་སློབ་སྦྱོང་ལ་རྩ་འཛུགས་ནན་མོ་བྱེད་པ་དང་། སྲིད་གྲོས་ཨུ་ཡོན་གྱིས་དྲིལ་སྒྲོག་དང་སྒྲོག་འགྲེལ་རྒྱ་ཆེར་བྱེད་པ། ལས་ཁུངས་སོ་སོས་ཚོགས་ཆེན་གཉིས་ཀྱིས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་སྣ་ཚོགས་ལས་སྒྲུབ་ལས་ཞུགས་ཀྱི་བྱ་སྤྱོད་དངོས་སུ་བསྒྱུར་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

ཚོགས་ཐོག་ནས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཏང་ཡོན་ལས་བྱེད་པའི་བྱ་བ་དང་འཚོ་བའི་ཕྱོགས་སོ་སོ་རུ་མངོན་པར་བྱེད་པ་དང་། བསམ་བློའི་རང་རྟོགས་སུ་བསྒྱུར་བ་དང་སྤྱོད་ཚུལ་གོམས་སྲོལ་དུ་འགྱུར་བར་བྱེད་དགོས། ཏང་ཡོན་ལས་བྱེད་པའི་སྲིད་གཙང་སློབ་གསོ་དང་ཉིན་རྒྱུན་གྱི་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། ཉིན་རྒྱུན་རང་བཞིན་གྱི་ཉེན་བརྡའི་སློབ་གསོ་སྤེལ་བ། ཏང་ཡོན་ལས་བྱེད་པའི་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཆོག་པ། རུལ་སུངས་བྱེད་མི་འདོད་པའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས།

ཚོགས་ཐོག་ནས་ལུགས་རྙིང་ལོ་སར་སྐབས་ཀྱི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པའི་ཐད་བཀོད་སྒྲིག་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བཅས་ཀྱི་བཀོད་སྒྲིག་རེ་བ་ལག་བསྟར་ནན་མོ་བྱེད་པ་དང་། ཁྲིམས་འགལ་ཟ་འཐུང་དང་སྐྱེས་དངུལ་སྟེར་ལེན་ལ་བཀག་འགོག་བྱེད་པའི་སྒྲིག་ལམ་ཇེ་དམ་དུ་གཏོང་བ། ལས་རེས་ལས་སྲུང་སོགས་ཀྱི་བྱ་བ་སྣ་ཚོགས་ནན་ཏན་སྒོས་བསྒྲུབ་ནས། སྤྲོ་སྐྱིད་ཞི་འཇགས་ཀྱི་ལོ་གསར་ཞིག་རོལ་བར་ཁག་ཐེག་བྱེད་དགོས།

རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། ཞེ་པོ་ཨིན་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།