ལིས་ཆང་གིས་ཨན་ཧུའེ་རུ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་།
2025.01.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ1ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཨན་ཧུའེ་ཏཱ་པེ་ཧྲན་གསར་བརྗེའི་གནས་ཁུལ་རྙིང་པ་རུ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་ནས་ཚང་མར་ལོ་གསར་གྱི་སྨོན་འདུན་ཞུས། ཁོང་གིས་ནན་གྱིས་བསྟན་དོན། སྦྲུལ་ལོའི་ལོ་གསར་ཐོན་ལ་ཉེ་བའི་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་བརྗེའི་གནས་ཁུལ་རྙིང་པའི་མི་དམངས་ཀྱི་འཚོ་བར་སེམས་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད།     ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཚིས་འགན་སྲུང་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་སྣ་ཚོགས་ལག་བསྟར་དོན་འཁྱོལ་དམ་ཟབ་བྱས་ཏེ།    ཏན་ཏན་ཏིག་ཏིག་གིས་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་བསྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ལུགས་རྙིང་ལོ་གསར་ཐོན་ལ་ཉེ་བའི་སྐབས་སུ། དུས་ཆེན་གྱི་སྤྲོ་བའི་རྣམ་པའི་ཁེངས་ཡོད།     ལིས་ཆང་ཐོག་མར་ཨན་ཆིན་གྲོང་ཁྱེར་དང་ཆན་ཧྲན་གྲོང་ཁྱེར་ཧོང་ཕུའུ་གྲོང་རྡལ་ཧོང་ཕུའུ་སྡེ་བར་ཕེབས་ནས། འཐབ་འཛིང་པ་རྒན་པ་དང་ཏང་ཡོན་རྒན་པའི་ཁྱིམ་དུ་བསྐྱོད་དེ་ཁོ་ཚོ་དང་མཉམ་དུ་རྒྱུན་ལྡན་གྱི་འཚོ་བ་གླེང་བ་དང་ལུས་ཕུང་གི་གནས་ཚུལ་ཅི་འདྲ་ཡིན་པ།  སྨན་བཅོས་བྱས་ནས་རྩིས་སྤྲོད་བྱས་ན་སྟབས་བདེ་ཡིན་མིན།    བྱིས་པ་དང་ཚ་བོས་གང་དུ་ལས་ཞུགས་དང་སློབ་གྲྭ་འགྲོ་བ། ད་དུང་འཚོ་བའི་དཀའ་ངལ་གང་ཞིག་ཡོད་པ་སོགས་ཀྱི་སྐོར་ལ་འདྲི་རྩད་ཞིབ་ཕྲ་བྱས། ལིས་ཆང་གིས་བཤད་རྒྱུར། ང་ཚོས་ཀྲུང་གོའི་གསར་བརྗེ་དང་ཀྲུང་གོ་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་བཞག་པའི་མི་རྣམས་བརྗེད་མི་སྲིད་ལ། ཚང་མར་བདེ་སྐྱིད་ལྡན་པའི་ཚེ་མཇུག་གི་འཚོ་བ་ཞིག་རོལ་དུ་འཇུག་པའི་འགན་འཁྲི་ཡོད།  དཔྱིད་གསར་དུས་ཆེན་སླེབས་ཉེར་ཡོད་པས། ངས་ཚང་མར་སྔ་མོ་ནས་ལོ་གསར་ལ་རྟེན་འབྲེལ་ཞུ། ཡུལ་དངོས་སུ་ལས་བྱེད་པ་དང་མང་ཚོགས་ལ་བསམ་ཚུལ་བརྗེ་རེས་བྱེད་སྐབས། ལིས་ཆང་གིས་ཁྱིམ་དུ་རྒན་པ་ཡོད་ན་ནོར་བུ་ཡོད་པ་དང་འདྲ་ཞེས་གསུངས།    རྒན་པ་ཚེ་ཐག་རིང་ན་ཁྱིམ་ཚང་གི་བདེ་སྐྱིད་ཡིན་ལ། རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ཡང་ཡིན། ཏང་གི་སྲིད་ཇུས་ཕྱོགས་སོ་སོ་རུ་དངོས་འབེབ་བྱེད་དགོས་པ་དང་། རྒན་པར་དེ་ལས་ལྷག་པའི་བདག་སྐྱོང་བཟང་པོ་བྱ་དགོས། ལིས་ཆང་གིས་བསྟན་དོན། ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད། མགྱོགས་མྱུར་སྒོས་རྒན་གསོ་དང་སློབ་གསོ། སྨན་བཅོས་སོགས་ཐད་ཀྱི་མི་འདང་ས་ཁ་གསབ་བྱས་ནས། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་སྔར་ལས་ཆ་ཚང་པ་དང་། སྤྱི་པའི་ཞབས་ཞུ་སྔར་ལས་སྟབས་བདེ་བ། མི་སྡོད་ཁོར་ཡུག་སྔར་ལས་སྐྱིད་པར་བྱ་དགོས། ས་གནས་ཀྱིས་འདས་མཆོད་དང་གཉེན་སྟོན་སོགས་སྒྲུབ་པར་སྡེ་སྲོལ་དམངས་ཆིངས་འཐུས་ཚང་ཡོད་པ་དང་། མང་ཚོགས་ཀྱི་འགྲོ་གྲོན་ཇེ་ཉུང་དུ་བཏང་ཡོད་པ་ཤེས་རྗེས། ལིས་ཆང་གིས་བསྔགས་བརྗོད་ཚད་མེད་གནང་། མུ་མཐུད་དུ་སྲོལ་བརྗེ་ལུགས་བསྒྱུར་ལ་སྐུལ་འདེད་གཏོང་པ་དང་། སྔར་ལས་ལྷག་པའི་སྒོ་ནས་དཔལ་ཡོན་ལྡན་པའི་ཡུལ་སྲོལ་དང་དམངས་སྲོལ་གསོ་སྐྱོང་བྱེད་པའི་རེ་བ་བཏོན།

ཆན་ཧྲན་གྲོང་ཁྱེར་ཁྲ་ཧྲོས་གྲོང་རྡལ་ཀྲུང་ཧྥན་སྡེ་བ་རུ། ལིས་ཆང་གིས་ཏཱ་པེ་རི་ཁུལ་གྱི་དབུལ་སྐྱོར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་དར་སྤེལ་གཏོང་བར་ཕན་ནུས་ལྡན་པའི་འབྲེལ་མཐུད་བྱས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་པ་དང་།  དར་སྐུད་ཐོན་ལས་གླིང་དུ་བསྐྱོད་ནས་འབྲེལ་ཡོད་ཐོན་རྫས་དང་།    དར་འབུ་གསོ་སྐྱོང་འཁོར་ཁང་ལ་ལྟ་ཞིབ་གནང་། དར་འབུ་གསོ་སྐྱོང་ཁྱིམ་ཆེན་དང་ལག་རྩལ་མི་སྣ་དང་བསམ་ཚུལ་བརྗེ་རེས་བྱས་པ་དང་།    ས་གནས་དེ་གའི་ཚན་རྩལ་བརྒྱུད་དེ་དར་སྐུད་ཐོན་སྐྱེད་ལ་ནུས་པ་འདོན་སྤྲོད་བྱས་ཏེ་ལོ་ཧྲིལ་པོར་འཁོར་སྐྱོད་གསོ་སྤེལ་མངོན་འགྱུར་བྱས་ནས། སྡེ་མི་སྐོར་ཞིག་གིས་སྒོ་ཁ་ནས་ལས་ཞུགས་དང་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱས་པར་དགའ་སྤྲོ་སྐྱེས།   ཁོས་ཐོན་ལས་དར་སྤེལ་ནི་གྲོང་གསེབ་དར་སྤེལ་གྱི་གནད་འགག་ཡིན་ལ།  ཐོན་ལས་རོགས་སྐྱོར་གྱི་སྲིད་ཇུས་ཞིབ་ཕྲ་དོན་འཁྱོལ་བྱས་ཏེ། “ས་གནས་ཀྱི་ཁྱད་ལྡན་ཐོན་ལས”ཀྱི་བྱ་བ་ཡག་པོ་བསྒྲུབ་པ་དང་།  རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ལ་བརྟེན་ནས། ཞིང་ལས་ཀྱི་ནུས་པ་སྣ་མང་གསར་སྤེལ་དང་གྲོང་གསེབ་ཀྱི་རིན་ཐང་སྣ་མང་སྔོག་འདོན་བྱེད་པ།    གྲོང་གསེབ་ཀྱི་ཐོན་ལས་ཕྲེང་འབྲེལ་ཧྲིལ་པོ་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་དགོས། ལིས་ཆང་སྡེ་བའི་ཨུ་ཡོན་ལྷན་ཁང་དུ་བསྐྱོད་དེ་སྡེ་བའི་ལས་བྱེད་པ་དང་བསམ་ཚུལ་བརྗེ་རེས་གཏིང་ཟབ་བྱས་ནས། ཁོ་ཚོའི་མི་དམངས་ལ་ཞབས་འདེགས་ཞུ་བའི་བྱ་བར་ཁས་ལེན་གང་ལེགས་གནང་པ་དང་།    ཁོ་ཚོས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡོང་འབབ་འཕར་སྣོན་ཕྱུག་འགྱུར་སྔར་ལས་ལེགས་པར་བྱས་ཏེ་ཞིང་སྡེ་འཕེལ་རྒྱས་དང་གྲོང་གསེབ་བཅོས་སྐྱོང་ལ་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས་པའི་སྐུལ་ལྕག་གནང་།

འཚམས་འདྲིའི་བྱེད་སྒོ་མཇུག་བསྒྲིལ་རྗེས། ཚེས23ཉིན་ལིས་ཆང་གིས་ཧི་ཧྥེ་རུ་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཡུལ་ཚོ་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་སྐོར་ཞིག་གིས《སྲིད་གཞུང་བྱ་བའི་སྙན་ཞུའི》མ་ཟིན་དང་། སྲིད་གཞུང་བྱ་བའི་སྐོར་གྱི་བསམ་འཆར་དང་གྲོས་འགོ་ཉན་པ་དང་།   རིམ་པ་སོ་སོའི་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ངར་ཤུགས་གཅིག་སྒྲིལ་དང་འགན་འཁུར་ནས་ས་གནས་དེ་གའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བར་དམ་འཛིན་བྱས་ནས། དངོས་ཡོད་ཀྱི་གྲུབ་འབྲས་གཏོད་རྒྱུར་འབད་བརྩོན་བྱེད་དགོས་པའི་བླང་བྱ་བཏོན།     སྔར་ལས་རང་འགུལ་ངང་མདུན་ཕྱོགས་སུ་བསྐྱོད་པའི་སྟོབས་ཤུགས་འདོན་པ་དང་། བྱ་བ་སྣ་ཚོགས་ལ་མི་སྒུག་པ་དང་མི་བསྟེན་པ།   སྔ་མོ་ནས་སྒྲུབ་པ།    དམ་འཛིན་བྱས་ཏེ་མགྱོགས་མྱུར་སྒོས་སྒྲུབ་པ་བཅས་བྱས་ནས། དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་དང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

ཝུའུ་ཀྲིན་ལུང་གིས་ཕེབས་རོགས་བྱས།

ཤ་བོ་རིན་མཚོས་བསྒྱུར།