ཏེན་ཞུའེ་ཞང་གིས་ཧི་ལན་དུ་འཚམས་འདྲི་གནང་།
2025.01.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 49

ཟླ1ཚེས22ཉིན་ནས་ཚེས23ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་གདན་ཞུས་ལྟར་ཧི་ལན་དུ་འཚམས་འདྲི་གནང་ནས། ཧའེ་ཡཱ་རུ་ཧི་ལན་གྱི་རྒྱལ་པོ་ཝེ་ལེན་ཡཱ་ལི་ཧྲན་ཏ་དང་།    དབུ་བཞུགས་བློན་ཆེན་སི་ཧོ་ཧྥུ། དབུ་བཞུགས་བློན་ཆེན་གཞོན་པ། ནམ་ཟླ་དང་ལྷད་མེད་འཕར་སྣོན་ལས་དོན་གྱི་བློན་ཆེན་ཧི་ཨར་མཱན་སི་བཅས་ལ་མཇལ་འཕྲད་གནང་།

ཟླ1ཚེས22ཉིན་ནས་ཚེས23ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་གདན་ཞུས་ལྟར་ཧི་ལན་དུ་འཚམས་འདྲི་གནང་། འདི་ནི་ས་དེའི་དུས་ཚོད་ཟླ1ཚེས22ཉིན་གྱི་དགོང་མོར། ཏེན་ཞུའེ་ཞང་གིས་ཧའེ་ཡཱ་རུ་ཧི་ལན་གྱི་རྒྱལ་པོ་ཝེ་ལེན་ཡཱ་ལི་ཧྲན་ཏ་ལ་མཇལ་འཕྲད་གནང་བཞིན་པའི་པར་རེད།

ཏེན་ཞུའེ་ཞང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་། དགེ་རྒན་ཆེན་མོ་ཕེང་ལི་ཡོན། ཙུང་ལི་ལིས་ཆང་བཅས་ཀྱིས་རྒྱལ་པོ་ཝེ་ལན་ཡ་ལི་ཧྲན་ཏ་དང་། རྒྱལ་མོ་མཱ་ཁི་ཞི་མ། དབུ་བཞུགས་བློན་ཆེན་སི་ཧོ་ཧྥུ་བཅས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་གནང་།     ཝེ་ལན་ཡ་ལི་ཧྲན་ཏ་དང་སི་ཧོ་ཧྥུའུ་ཡིས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཏེན་ཞུའེ་ཞང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་། དགེ་རྒན་ཆེན་མོ་ཕེང་ལི་ཡོན། ཙུང་ལི་ལིས་ཆང་བཅས་ལ་སྨོན་འདུན་བཟང་པོ་ཞུ་བཞིན་པ་བརྒྱུད་སྤྲོད་གནང་རོགས་ཞུས།

ཏེན་ཞུའེ་ཞང་གིས་བཤད་རྒྱུར། ཀྲུང་གོ་དང་ཧི་ལན་བར་འབྲེལ་བ་བཙུགས་ནས་ལོ་བཅུ་ཕྲག་ཁ་ཤས་རིང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཕྱིན་རུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧི་ལན་ཕྱོགས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཧི་ལན་གྱི་སྒོ་འབྱེད་དངོས་གཉེར་གྱི་ཁྱོན་ཡོངས་མཉམ་ལས་གྲོགས་པོའི་འབྲེལ་བ་བརྟན་པོའི་ངང་མཐོ་རུ་ཕྱིན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གྲུབ་འབྲས་གཡུར་དུ་ཕྱིན་པ་དེས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧི་ལན་ཕྱོགས་དང་འབྲེལ་གཏུག་སྔར་ལས་ཤུགས་སྣོན་བྱས་ཏེ་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་བཏང་ནས། ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱིས་རང་སོ་སོའི་འཕེལ་རྒྱས་དམིགས་འབེན་མགྱོགས་མྱུར་མངོན་འགྱུར་ཡོང་བར་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས།

ཏེན་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཧི་ལན་ནི་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་གྱི་ཕན་པ་ཐོབ་མཁན་དང་རྒྱབ་སྐྱོར་བྱེད་མཁན་ཡིན།     ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱས་ནས་གཉིས་ཕན་མཉམ་རྒྱལ་གྱི་ལམ་བུའི་སྟེང་བསྐྱོད་ཡོད།     ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་ཕྱེ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།    ཧི་ལན་ཁེ་ལས་ཀྱིས་ཀྲུང་གོར་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་དགའ་བསུ་ཞུ་བ་དང་།    ཧི་ལན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་ཁེ་ལས་ལ་དྲང་གཞག་དང་དྲང་བདེན། མཐོང་ཆུང་མི་བྱེད་པའི་ཚོང་གཉེར་ཁོར་ཡུག་འདོན་སྤྲོད་བྱས་ནས། ཕྱོགས་གཉིས་ཀྱི་ཐུན་མོང་ཁེ་ཕན་དང་འཛམ་གླིང་གི་ཐོན་སྐྱེད་འདོན་སྤྲོད་ཕྲེང་འབྲེལ་བརྟན་པོ་ཤར་གཏོང་ཐུབ་པར་སྲུང་སྐྱོང་བྱས་ཏེ། ལེགས་ཆ་ཕན་ཚུན་གསབ་རེས་དང་གོ་སྐབས་མཉམ་སྤྱོད།    ཐུན་མོང་འཕེལ་རྒྱས་བཅས་མངོན་འགྱུར་ཡོང་བའི་རེ་བ་བྱེད་ཀྱིན་ཡོད།

ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་དང་ཧི་ལན་གྱི་གནམ་གཤིས་བཅོས་སྐྱོང་གི་འདུ་ཤེས་གཅིག་མཚུངས་ཡིན་པས་ཡུན་རིང་མཉམ་ལས་ཡག་པོ་བྱས་ཡོད།  ཕྱོགས་གཉིས་ཀྱིས་ སྟོབས་ཆེན་མཉམ་འབྲེལ་བྱས་ཏེ་ལྗང་མདོག་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཉམ་འབྲེལ་ཞིབ་འཇུག་གསར་སྤེལ་སྔར་ལས་མང་པོ་སྤེལ་བ།    གནམ་གཤིས་དང་འཚམ་པའི་མཉམ་ལས་ཀྱི་ཁྱད་ཆོས་ལེགས་ཆ་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས། ཕྱོགས་གསུམ་མཉམ་ལས་སྔར་ལས་མང་པོ་འཚོལ་ཞིབ་བྱས་ཏེ་སྤེལ་དགོས།     བློ་བརྟན་འགྱུར་མེད་སྒོས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱས་ཏེ། དྲང་གཞག་ལུགས་མཐུན་དང་མཉམ་ལས་གཉིས་ཕན་གྱི་འཛམ་གླིང་གི་གནམ་གཤིས་བཅོས་སྐྱོང་མ་ལག་མཉམ་དུ་འཛུགས་སྐྲུན་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ལྗང་མདོག་ཁྱབ་ཁོངས་ཀྱི་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་གཏོང་དགོས།

ཏེན་ཞུའེ་ཞང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་གྲོས་མོལ་དང་མཉམ་ལས་གཏིང་ཟབ་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ལ།    ཧི་ལན་ཕྱོགས་ཀྱིས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད།

ཝེ་ལེན་ཡཱ་ལི་ཧྲན་ཏས་བསྟན་དོན། 2014ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་ལན་ལ་བདེ་ལེགས་ངང་འཚམས་འདྲི་བྱས་ཏེ། ཕྱོགས་གཉིས་ཀྱིས་ཧི་ལན་དང་ཀྲུང་གོའི་སྒོ་འབྱེད་དངོས་གཉེར་གྱི་ཕྱོགས་ཡོངས་མཉམ་ལས་གྲོགས་པོའི་འབྲེལ་བའི་ངེས་གནས་གསར་བ་མཉམ་དུ་གཏན་ཁེལ་བྱས་ཤིང་། ཕྱོགས་གཉིས་ཀྱི་འབྲེལ་བར་སྒུལ་ཤུགས་གསར་བ་བསྣན། ཧི་ལན་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་ཕན་ཚུན་ཡིད་རྟོན་དང་མཛའ་བརྩེ་ལ་མཐོང་ཆེན་བྱེད་ཅིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཧི་ལན་དང་ཀྲུང་གོའི་འབྲེལ་བས་མུ་མཐུད་དུ་འཕེལ་རིམ་གསར་པ་ལེན་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད། མིག་སྔར་གྱི་ས་མཚམས་ཆབ་སྲིད་འགལ་བར་གཞིགས་ན།  རྒྱལ་ཁབ་སོ་སོས་བློ་དཀར་མཐུན་སྦྱོར་བྱེད་འོས་ཤིང་། ངོས་འཛིན་གཅིག་གྱུར་འཚོལ་ཞིབ་དང་མཐུན་སྒྲིལ་མཉམ་ལས་བྱས་ཏེ། འཛམ་གླིང་གི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་དགོས་པར་འདོད།

སི་ཧོ་ཧྥུ་ཡིས་བསྟན་དོན། ཧི་ལན་དང་ཀྲུང་གོའི་འབྲེལ་བ་དེ་ཧི་ལན་ལ་མཚོན་ན་ཧ་ཅང་གལ་ཆེན་ཞིག་ཡིན། ཧི་ལན་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་བསྟོད་བསྔགས་བྱེད་ཅིང་། ཀྲུང་གོ་དེ་བརྟན་འཇགས་ཀྱི་གྲོགས་པོར་བརྩིས་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་གྲོས་མོལ་ལ་ཤུགས་སྣོན་དང་། ཕན་ཚུན་རྒྱུས་ལོན་དང་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་བེད་འཛུགས་སྐྲུན་དང་།  ལྗང་མདོག་འཕེལ་རྒྱས། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ལ། ཧི་ལན་གྱིས་ཉོ་ཚོང་ལ་བརྟེན་ནས་རྩ་བ་ཚུགས་པར་བྱས་པས་སྒོ་འབྱེད་ནི་ཧི་ལན་གྱི་མ་འོངས་པ་དང་འབྲེལ་བ་དམ་ཟབ་ཡོད། ཧི་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་དང་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཧི་ཨར་མཱན་སི་ཡིས་ཀྲུང་གོ་ཕྱོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཐད་ཀྱི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་ཤིང་། ཀྲུང་གོ་ཕྱོགས་ཀྱི་ཕ་རེ་སིའི་གྲོས་ཆོད་དངོས་འབེབས་བྱེད་པར་འབད་བརྩོན་དང་བྱས་རྗེས་བཞག་པར་བསྟོད་བསྔགས་བྱས། ཁོས་དག་གཙང་ནུས་ཁུངས་དང་ལྗང་མདོག་ཚུལ་སྒྱུར། འཁོར་སྐྱོད་དཔལ་འབྱོར། ནམ་ཟླ་འཚམ་འཕྲོད་སོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ལག་རྡང་མཉམ་སྦྲེལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་གྲོས་ཚོགས་ཐེངས་སུམ་ཅུ་པས་གྲུབ་འབྲས་ལོན་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་པའི་ཚུལ་བསྟན།

ཤ་བོ་རིན་མཚོས་བསྒྱུར།