ཟླ1ཚེས16ཉིན་ནས་ཚེས17ཉིན་བར། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་སོ་སོར་གཅིག་བསྡུས་ཡར་ཞུ་གྲོས་ཚོགས་བསྡུས་ནས། མཚོ་ནུབ་ཁུལ་དང་མཚོ་བྱང་ཁུལ་ལ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཞིབ་ཐེངས་དྲུག་པའི་སྐོར་ཞིབ་གནས་ཚུལ་ཡར་ཞུ་བྱས། ཚོགས་ཐོག་ཏུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་སྐོར་ཞིབ་ཐེངས་དྲུག་པའི་གནས་ཚུལ་ཡར་ཞུ་ལ་ཉན་སྐབས་སྤེལ་བའི་གཏམ་བཤད་དགོངས་པ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གི་ཚན་གཙོས་སྐོར་ཞིབ་གྲོས་གཞི་ཡར་ཞུ་བྱས་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་མཱེ་ཕེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ལིའུ་མཱེ་ཕེན་གྱིས་ནན་གྱིས་བསྟན་དོན། མཚོ་ནུབ་ཀྱི་ཁུལ་དང་རྫོང་། གྲོང་ཁྱེར་ཏང་ཨུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཏང་སྲིད་འགན་གཅིག་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་ནན་མོ་བྱས་ནས། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས། ཏང་དང་དཔོན་པོར་བཅོས་སྐྱོང་ནན་མོ་བྱེད་པ་དང་། གྱོད་གཞིས་བཅོས་སྒྱུར་ལ་སྐུལ་བའི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་བ། ཐོན་ཁུངས་གསར་སྤེལ་དང་སུ་འཇོན་དེ་འགུག་སོགས་གཙོ་གནད་ཁྱབ་ཁོངས་དང་རིམ་པ་སོ་སོའི་མགོ་ཁྲིད་དང་པོའི་ལྟ་སྐུལ་ལ་ཤུགས་བསྣན་ནས། ཁྲིམས་དང་འགལ་ནས་ཟ་འཐུང་བྱེད་པ་དང་ལེགས་སྐྱེས་སྟེར་ལེན་གྱི་གནད་དོན་ལ་བཅོས་སྐྱོང་བྱེད་ཤུགས་ཆེར་གཏོང་དགོས། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་གཏིང་ཟབ་བྱེད་པ་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཐད་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས། མཚོ་བྱང་ཁུལ་དང་རྫོང་གི་ཏང་ཨུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མ་ལག་གི་བཅོས་སྐྱོང་དམ་འཛིན་བྱེད་རྒྱུ་འབུར་དུ་ཐོན་པར་བྱེད་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ་ཡི་ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་ཉམས་གསོ་ལས་གཞི་སོགས་གཙོ་གནད་བྱ་བ་གཙིགས་སུ་བཟུང་ནས། ལས་གཞི་མཆན་འགོད་དང་ཞིབ་བཤེར་རྩིས་ལེན་བྱེད་པ་སོགས་ཐད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས། ཏང་ལ་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་བྱེད་པའི་གཙོ་གཞིའི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། གྱོད་གཞིས་བཅོས་སྒྱུར་ལ་སྐུལ་བའི་ཕན་འབྲས་ཇེ་ཆེར་གཏོང་བ། རྒྱུན་རྣམ་ཡུན་ཕན་གྱིས་སྲོལ་ངན་བཞི་དག་བཅོས་བྱེད་པ། ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ལ་མཉམ་བཤེར་མཉམ་བཅོས་བྱེད་པ། ཕྱི་ཚུལ་རིང་ལུགས་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས། སྐྱེ་ཁམས་ཕྱུགས་ལས་དེ་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཐོན་ལས་གཙོ་བོར་འགྱུར་བར་བྱེད་པ་དང་། མཚོ་བྱང་གི་ཁྱད་ལྡན་སྐྱེ་ཁམས་གནས་སྐོར་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་ཇེ་ཟབ་ཏུ་སྤེལ་བ། ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཤུགས་བསྣན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
རིན་ཆེན་མཚོས་བསྒྱུར།