ཟླ1པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝུན་ཆིང་གིས་ལུགས་རྙིང་ལོ་སར་དུས་ཆེན་སྐབས་ཀྱི་བདེ་སྲུང་ལས་དོན་ཚོགས་འདུའི་སྟེང་གཞི་རིམ་གྱི་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པར་འཚམས་འདྲི་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུགས་རྙིང་ལོ་སར་དུས་ཆེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རྒྱུན་འཁྱོངས་བྱེད་རྒྱུ་དང་། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཚད་མཐའི་བསམ་གཞིགས་བརྟན་པོ་འཛུགས་པ། ལྷག་བསམ་རྣམ་དག་གིས་འགན་འཁྲི་བསྒྲུབ་པ། ཚད་གཞི་མཐོ་བའི་སྒོ་ནས་ལུགས་རྙིང་ལོ་སར་སྐབས་ཀྱི་བདེ་སྲུང་ལས་དོན་ཡག་པོ་སྒྲུབ་པ། མི་དམངས་མང་ཚོགས་ཀྱིས་ལུགས་རྙིང་ལོ་སར་སྐྱིད་པོ་ཞིག་རོལ་ཐུབ་པར་འགན་ལེན་བཅས་བྱེད་དགོས། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཝང་ཞའོ་ཧུང་གིས་ཚོགས་འདུར་མགོ་འཛིན་བྱས་ནས་འཚམས་འདྲིའ་ལས་རིམ་ཁྲོད་ཞུགས།
ཁྲིན་ཝུན་ཆིང་གིས་ཚོགས་ཐོག་ནས་ནན་བཤད་བྱས་དོན། ལོ་མཇུག་དང་ལོ་འགོ་ནི་སྔོན་ཆད་ནས་བཟུང་ཉེན་ཁ་དང་འགལ་རྐྱེན་སྣ་ཚོགས་འབྱུང་མང་བའི་དུས་སྐབས་ཤིག་ཡིན་པར་བརྟེན། འབྲེལ་ཡོད་སྡེ་ཁག་གིས་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་རྒྱུ་དང་། འགལ་བ་དང་རྩོད་གཞི་ཞིབ་བཤེར་དང་ཐག་གཅོད་ནན་མོ་བྱེད་པ། སྤྱི་ཚོགས་བདེ་འཇགས་ཀྱི་སྐོར་གཡེང་དང་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། གནས་ཡུལ་གཙོ་བོ་དང་མི་ཚོགས་འདུས་ས་ཡི་བདེ་འཇགས་ལ་སྔོན་འགོག་ཡག་པོ་བྱེད་པ། བྱེད་སྒོ་ཆེ་གྲས་དང་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། འབྲེལ་ཡོད་ཚོགས་སྤྱིའི་ཞབས་ཞུའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། འབྲེལ་ཡོད་སྡེ་ཁག་ནང་ཁུལ་གྱི་འགན་སྲུང་དང་འགན་འཁྲི་སྔར་ལས་ཇེ་བརྟན་དུ་གཏོང་བ། ཉེན་ཁ་སྔོན་འགོག་དང་བདེ་འཇགས་སྲུང་སྐྱོབ། བརྟན་བརླིང་སྲུང་སྐྱོབ་བཅས་ཀྱི་ལས་དོན་ཁག་ཏན་ཏན་སྒོས་ལེགས་པོར་སྒྲུབ་དགོས། ལས་རེས་ལས་འགན་དང་ལས་ཀ་བཀོད་སྒྲིག འཕྲལ་བསྟུན་ཐག་གཅོད་བཅས་ལ་ཤུགས་བསྣན་ནས། མི་སྒེར་གྱི་ཐལ་དྲགས་པའི་གྱོད་གཞི་དང་སྤྱི་པའི་བདེ་འཇགས་ཀྱི་དོན་རྐྱེན་ཚབས་མི་འབྱུང་བའི་ཐད་སྔོན་འགོག་ནན་མོ་བྱས་ཏེ། ལུགས་རྙིང་ལོ་སར་སྐབས་གོ་རིམ་མ་འཆོལ་བ་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས།
ཚོགས་འདུ་གྲོལ་རྗེས། ཁྲིན་ཝུན་ཆིང་དང་ཝང་ཞའོ་ཧུང་སྔ་རྗེས་སུ། པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུའུ་གནམ་བདེ་སྒོ་མོ་ཆེ་ས་ཁུལ་གྱི་ཡན་ལག་ཅུའུ་དང་ཏུང་ཁྲིན་ཡན་ལག་ཅུའུ་ཡི་འཕྲལ་བསྟུན་ཁྲུའུ་ཡི་འཕྲལ་སྐྱོད་རུ་ཁག ཞི་ཁྲིན་ཡན་ལག་ཅུའུ་ཡི་ཁྲང་ཨན་ནུབ་མའི་ཁྲོམ་གཞུང་མངགས་གཏོང་ཅུའུ་སོགས་སུ་སོང་ནས། ལས་རེས་གྲ་སྒྲིག་དང་འཕྲལ་བསྟུན་འཕྲལ་སྐྱོད། སྐོར་ཞིབ་ཚོད་འཛིན། མངའ་ཁོངས་བདེ་སྲུང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། འཐབ་ཕྱོགས་དང་པོའི་མི་དམངས་ཉེན་རྟོག་པ་དང་རམ་འདེགས་ཉེན་རྟོག་པར་འཚམས་འདྲི་བྱས་ནས། ཁོ་ཚོ་དང་རྒྱལ་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས་པར་མ་ཟད། ཚང་མས་ལས་གནས་བརྟན་སྲུང་དང་སྒེར་སེམས་མེད་པའི་སྒོས་ནས་བྱས་རྗེས་འཇོག་རྒྱུ་དང་། དོན་ཆེན་གྱི་ཆེད་དུ་དོན་ཆུང་བློས་བཏང་ནས། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ཏེ། མི་དམངས་ལ་སྟབས་བདེ་སྐྲུན་པ་དང་མི་དམངས་ལ་ཕན་འདོགས་པ། མི་དམངས་ལ་བདེ་འཇགས་སྐྲུན་པ་བཅས་ཀྱི་ལས་ཀ་ལེགས་པར་བསྒྲུབས་ནས། མི་དམངས་མང་ཚོགས་ཀྱིས་ལོ་སར་སྐྱིད་པོ་ཞིག་རོལ་ཐུབ་པའི་ཐད་ནས་སྐུལ་ལྕག་བཏང་།
བན་དེ་སྐྱབས་ཀྱིས་བསྒྱུར།