ལིས་ཆང་གིས་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་མཉམ་དུ་ལོ་གསར་གྱི་བཞུགས་མོལ་ཚོགས་འདུ་བསྡུས།
2025.01.27 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 41

ལུགས་རྙིང་ལོ་གསར་ཐོན་ལ་ཉེ་བའི་སྐབས་འདིར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ1ཚེས26ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ2024ལོའི་ལོ་འཁོར་གྱི་ཀྲུང་གོ་སྲིད་གཞུང་གི་མཛའ་བརྩེའི་བྱ་དགའ་ཐོབ་པ་དང་། ཀྲུང་གོ་རུ་བྱ་བ་སྒྲུབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པའི་འཐུས་མི་དང་གྲོས་མོལ་བྱས་ཏེ་བསམ་ཚུལ་བརྗེ་རེས་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཚོགས་འདུར་ཞུགས།

ལིས་ཆང་གིས་ཕྱི་རྒྱལ་གྱི་ཆེད་མཁས་པར་ལོ་གསར་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་། ཚང་མས་དུས་ཡུན་རིང་པོར་ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ཐད་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོའི་བཅོས་སྒྱུར་འཕེལ་རྒྱས་དང་སྲིད་གཞུང་གི་བྱ་བའི་ཐད་ནས་ཆེད་མཁས་ཚོའི་བསམ་འཆར་དང་གྲོས་གཞི་ལ་ནན་གྱིས་ཉན། དབྱིན་ཇི་དང་ཕོ་ལན། མཱ་ལིས།  རོ་མ་ནི་ཡ། འཇར་མན། ཕ་ཁི་སི་ཐན་སོགས་རྒྱལ་ཁབ་ནས་ཡོང་བའི་ཆེད་མཁས་པས་ཚན་རྩལ་གསར་གཏོད་དང་། དཔལ་འབྱོར་ཚོང་དོན་མཉམ་ལས། མི་གཞུང་རིག་གནས་བརྗེ་རེས། རྒྱལ་སྤྱིའི་ཁྱབ་སྤེལ། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ལ་དམིགས་ནས་གཏམ་བཤད་གནང་།

ལིས་ཆང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་ནང་། ཀྲུང་གོའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་ཕྱི་རྒྱལ་གྱི་ཆེད་མཁས་པས་དེའི་ཐད་བྱས་རྗེས་བཞག་ཡོད། ཚང་མས་ཀྲུང་གོར་བྱ་བ་སྒྲུབ་པ་དང་འཚོ་བ་རོལ་བའི་ཉམས་མྱོང་ཡང་ཀྲུང་གོ་དང་འཛམ་གླིང་བར་བརྗེ་རེས་བཟང་པོ་དང་མཉམ་འདྲེས་གཏིང་ཟབ་ཀྱི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་རེད། དེའི་ཁྲོད་ནས་བློ་སྒོ་གལ་ཆེན་མང་པོ་ཞིག་ཕྱེས་ཡོད་ལ། འབུར་དུ་ཐོན་པའི་གནད་གཉིས་ཡོད་པ་སྟེ། གཅིག་ནི་འཛམ་གླིང་ལ་བརྗེ་རེས་བྱ་དགོས།  རྒྱལ་སྤྱིའི་ཁོར་ཡུག་ཅི་ཙམ་རྙོག་འཛིང་ཆེ་ན་རྒྱལ་ཁབ་སོ་སོས་སེམས་རྒྱ་ཆེ་རུ་གཏོང་བ་དང་འབྲེལ་གཏུག་དང་གྲོས་མོལ་དེ་བས་བྱ་དགོས། ཀྲུང་གོས་སྒོ་འབྱེད་ཁོང་ཡངས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས་ཁྱབ་ཁོངས་སོ་སོའི་རྒྱལ་སྤྱིའི་བརྗེ་རེས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཕྱོགས་སོ་སོས་གྲོས་མོལ་བྱས་པ་བརྒྱུད་འགལ་བ་དང་མི་མཐུན་པའི་ཆ་སེལ་རྒྱུར་སྐུལ་འདེད་བཏང་ནས་ཞི་བདེའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རེད། གཉིས་ནི་གསར་གཏོད་བྱེད་པར་མཉམ་ལས་བྱ་དགོས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་འཕེལ་རྒྱས་གཏིང་ཟབ་བྱུང་བ་དང་བསྟུན་ནས། ཚན་རིག་ཞིབ་འཇུག་གི་རྙོག་འཛིང་རང་བཞིན་དང་མ་ལག་རང་བཞིན་མངོན་གསལ་སྒོས་ཆེ་རུ་ཕྱིན་པས། སྒོ་འབྱེད་མཉམ་ལས་ནི་གནས་བབ་ཆེན་པོའི་ཁ་ཕྱོགས་དང་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན། ཀྲུང་གོས་ཚན་རྩལ་སྒོ་འབྱེད་མུ་མཐུད་དུ་རྒྱ་སྐྱེད་གཏོང་བ་དང་།    མཉམ་འབྲེལ་ཚན་རིག་ཞིབ་འཇུག་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་བ།  རྒྱལ་ཁབ་སོ་སོ་དང་མཉམ་ལས་བྱས་ནས་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་པ། ལག་གདང་སྦྲེལ་ནས་འཛམ་གླིང་གི་འགྲན་སློང་ལ་ཁ་གཏད་འཇལ་རྒྱུ་རེད།

ལིས་ཆང་གིས་ནན་གྱིས་བསྟན་དོན།  ཀྲུང་གོའི་སྒོ་འབྱེད་ཀྱི་སྒོ་ཆེན་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་སོ་སོའི་ཤེས་ལྡན་མི་སྣར་ཕྱེ་ཡོད། ཀྲུང་གོ་སྲིད་གཞུང་གིས་འབྲེལ་ཡོད་སྲིད་ཇུས་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་།  ཞབས་ཞུའི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་སྟེགས་བུ་སྔར་ལས་མང་པོ་བསྐྲུན་ནས་ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣ་ཀྲུང་གོར་ཡོང་ནས་ལས་སྒྲུབ་ལས་སྐྲུན་བྱེད་པ་དང་། ཤེས་ཡོན་འདོན་སྤེལ་བྱེད་པར་ཆ་རྐྱེན་བཟང་པོ་མུ་མཐུད་དུ་བསྐྲུན་དགོས།

ཝང་དབྱི་དང་ཝུའུ་ཀྲིན་ལུང་།    ཧྲིན་དབྱི་ཆིན་བཅས་གྲོས་ཚོགས་སུ་ཞུགས།

ཤ་བོ་རིན་མཚོས་བསྒྱུར།