ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད།
2025.01.28 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 273

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉིན་འགའི་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མིང་རྟགས་བཀོད་ནས།《གནའ་བོའི་ཤིང་སྡོང་དང་ཤིང་གྲགས་ཅན་སྲུང་སྐྱོབ་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཏེ། 2025ལོའི་ཟླ3ཚེས15ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

《སྲོལ་ཡིག》གི་དམིགས་ཡུལ་ནི་གནའ་བོའི་ཤིང་སྡོང་གྲགས་ཅན་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བཅས་བྱ་རྒྱུ་དེ་རེད། 《སྲོལ་ཡིག》ནང་གཏན་འབེབས་བྱས་དོན།    གཅིག་ནི་སྲུང་སྐྱོབ་ཨང་དང་པོ་དང་། ལུགས་མཐུན་བེད་སྤྱོད།    རིམ་དབྱེ་དོ་དམ་བཅས་རྒྱུན་འཁྱོངས་བྱས་ཏེ། སྲིད་གཞུང་གིས་གཙོ་ཁྲིད་དང་། ཁོངས་གཏོགས་ཀྱིས་འགན་འཁུར་བ། སྤྱི་ཚོགས་ཟབ་ཞུགས་བྱེད་པ་བཅས་ཀྱི་བྱ་བའི་རྐྱེན་སྲོལ་འཛུགས་དགོས། གཉིས་ནི་ཚན་རིག་དང་མཐུན་པའི་སྒོ་ནས་གནའ་བོའི་ཤིང་སྡོང་གྲགས་ཅན་སྲུང་སྐྱོང་རིམ་པ་དབྱེ་བ་དང་། གནའ་བོའི་ཤིང་སྡོང་གྲགས་ཅན་ཡོངས་ཁྱབ་ཞིབ་བཤེར་དང་། ངོས་འཛིན། ཁྱབ་བསྒྲགས་བཅས་ཀྱི་གོ་རིམ་གསལ་བོ་བྱེད་དགོས།     གསུམ་ནི་རྒྱུན་ལྡན་གྱི་བདག་སྐྱོང་དོ་དམ་ལ་ཤུགས་སྣོན་དགོས། བཞི་ནི་ཤིང་སྡོང་གཅོད་པ་དང་སྤོར་འཛུགས་ལ་ཚོད་འཛིན་ནན་མོ་བྱས་ཏེ།    གནའ་བོའི་ཤིང་སྡོང་གྲགས་ཅན་རྩ་དོན་ཐོག་སྔོན་གྱི་ས་གནས་སུ་སྲུང་སྐྱོབ་བྱེད་པ་ལས་སྤོར་འཛུགས་བྱས་མི་ཆོག་པའི་གཏན་འབེབས་བྱས་ཡོད། ལྔ་ནི་འགན་སྲུང་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། དྲུག་ནི་གནའ་བོའི་ཤིང་སྡོང་གྲགས་ཅན་གྱི་རིག་གནས་རྒྱུན་འཛིན་བྱ་དགོས།

《སྲོལ་ཡིག》ནང་ཁྲིམས་འགལ་གྱིས་ཤིང་སྡོང་གྲགས་ཅན་གཅོད་པ་དང་སྤོར་འཛུགས།    གནའ་བོའི་ཤིང་སྡོང་ལ་གནོད་འཚེ་གཏོང་བ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ལ་བཅའ་ཁྲིམས་ཀྱི་འགན་འཁྲི་ནན་མོ་གཏན་འབེབས་བྱས་ཡོད།

ཤ་བོ་རིན་མཚོས་བསྒྱུར།