ཀྲུང་དབྱང་རིམ་ངོས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ཏེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་རྐྱེན་སྲོལ་གྱི་གྲོས་ཚོགས་པེ་ཅིང་དུ་བསྡུས།
2025.02.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཀྲུང་དབྱང་རིམ་ངོས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ཏེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་རྐྱེན་སྲོལ་གྱི་གྲོས་ཚོགས་ཟླ2པའི་ཚེས5ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་པ་དོན་འཁྱོལ་བྱེད་པ། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་ངང་བཅོས་སྐྱོང་ཟབ་མོ་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་བཏང་སྟེ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན། ལས་བྱེད་པས་སྤྱོད་ཚུལ་བཟང་བོར་བརྟེན་ནས་སྤུས་ཚད་མཐོ་བའི་ངང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ཆོད་དོན་འགའ་ལག་བསྟར་ནན་མོ་བྱེད་པར་དམ་དུ་དམིགས་པ་དང་། ལས་འགན་གཙོ་བོ་གཙིགས་སུ་འཛིན་པ། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་ཇུས་བསྟར་བྱས་ནས། བཅོས་སྐྱོང་བྱ་བའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་བྱེད་དགོས། འབུར་ཐོན་གནད་དོན་གཙིགས་སུ་བཟུང་ནས་དམ་འཛིན་ལྷོད་མེད་བྱེད་པ་དང་། ཡིག་ཆ་དང་གྲོས་ཚོགས་མུ་མཐུད་དུ་ཁུ་བསྡུ་བྱེད་པ། ལྟ་ཞིབ་ཞིབ་བཤེར་དང་དཔྱད་ཞིབ་གཅིག་འདོམས་ཚད་ལྡན་དུ་གཏོང་བ། མཛུབ་སྣེའི་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ཏེ། དཔེ་སྟོན་འཛུགས་སྐྲུན་དང་དུས་ཆེན་སྐབས་ཀྱི་འགྲེམ་ཚོགས་གླེང་སྟེགས་སོགས་བྱ་འགུལ་ཚད་ལྡན་དུ་བསྒྱུར་དགོས། སྟོབས་ཤུགས་ཇེ་ཆེར་བཏང་ནས་སྲིད་འབྲས་བཟོ་སྐྲུན་དང་སྣང་བརྙན་བཟོ་སྐྲུན། ཕྱི་ངོས་བཟོ་སྐྲུན་བཅོས་སྐྱོང་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་དོ་ཁུར་བྱེད་པའི་ཚུལ་མིན་སྤྱོད་ཚུལ་རྒྱུན་མཐུད་ངང་བཅོས་སྐྱོང་བྱེད་དགོས། དཔེ་མཚོན་གནད་དོན་གཙིགས་སུ་འཛིན་པ་དང་། ཞིབ་བཤེར་དང་ཁྱབ་བསྒྲགས་བྱེད་ཤུགས་ཇེ་ཆེར་གཏོང་བ། དག་ཐེར་ལེགས་བཅོས་ཀྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ནས། དག་ཐེར་ལེགས་བཅོས་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཡང་དག་པའི་སྲིད་འབྲས་ལྟ་བ་ཆགས་པ་དང་ལག་བསྟར་བྱེད་པར་ཕན་པའི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་བ། གཡར་བཀོལ་བྱེད་པའི་གཞི་རིམ་ལས་བྱེད་པར་དོ་དམ་དང་ཚོད་འཛིན་ནན་མོ་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཡུལ་ཚོ་དང་གྲོང་རྡལ་གྱིས་འགན་འཁྲི་ལག་བསྟར་བྱེད་པའི་བྱ་བའི་གསལ་ཁྲ་ཕྱོགས་ཡོངས་ནས་འཛུགས་དགོས། བསམ་བློ་ཆབ་སྲིད་སློབ་གསོ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། ཐབས་མང་མཉམ་སྤྱོད་ཀྱིས་ཏང་ཡོན་ལས་བྱེད་པས་སྤྱོད་ཚུལ་གྱི་རེ་བ་སྣ་ཚོགས་ཉིན་རྒྱུན་གྱི་གཏམ་སྤྱོད་ཚད་གཞི་རུ་བསྒྱུར་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། གཙོ་གཞི་ཁ་གསལ་བ་དང་རེ་བ་གསལ་བོ་ཡིན་པ། རིམ་པ་བཞིན་འགན་ཁུར་བའི་འགན་འཁྲི་མ་ལག་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་ནས། མཉམ་འཛིན་མཉམ་སྡོམ་གྱི་བྱ་བའི་གྲུབ་ཚུལ་སྲ་བརྟན་དུ་གཏོང་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་སྣེ་ཁྲིད་དང་དཔེ་སྟོན་བྱེད་པ་དང་། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུས་གཙོ་གཞིའི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ། ཆེད་དོན་བྱ་བའི་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ། ཐོན་ཁུངས་དང་སྟོབས་ཤུགས་ལེགས་བསྡུས་བྱས་ཏེ། ལག་བསྟར་དམ་འཛིན་བྱེད་པའི་མཉམ་ཤུགས་ཇེ་ཆེར་གཏོང་དགོས།

རིན་ཆེན་མཚོས་བསྒྱུར།