རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས5ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཡུས་ཡོན་ཀྲི་དང་གྲོས་མོལ་མཛད།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཧན་གོའི་བར་འབྲེལ་བ་བཙུགས་པའི་ཚུན་དུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་བ་དང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ས་ཁུལ་གྱི་གཏན་འཇགས་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། རྙོག་འཛིང་ཛ་དྲག་གི་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་ཁ་ཕྱོགས་ནས། ཕྱོགས་གཉིས་ཀྱིས་འབྲེལ་བ་བཙུགས་པའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་དང་། མཛའ་མཐུན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། བརྗེ་རེས་ལ་ཤུགས་སྣོན་པ། བར་ཆད་སེལ་བ་བཅས་བྱས་ཏེ། ཀྲུང་གོ་དང་ཧན་གོའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་བདེ་ཐང་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོས་ཧན་གོའི་བར་གྱི་མཐོ་རིམ་འགྲོ་འོང་དང་འཐབ་ཇུས་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་རྟོན་ཇེ་མཐོར་གཏོང་འདོད་ཡོད། དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། མཁོ་ཐོན་ཕྲེང་འབྲེལ་མཉམ་ལས་སོགས་ཀྱི་རྐྱེན་སྲོལ་བཀོལ་སྤྱོད་བཟང་བོ་བྱེད་པ། ཁ་ཐོར་འབྲེལ་ཆད་ལ་མཉམ་དུ་བཀག་འགོག་བྱས་ནས། རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་མཁོ་ཐོན་ཕྲེང་འབྲེལ་བརྟན་འཇགས་གེགས་མེད་ཡོང་བར་སྲུང་སྐྱོང་བྱེད་འདོད་ཡོད། མི་གཞུང་བརྗེ་རེས་ལ་ཤུགས་སྣོན་པ་དང་། མི་དམངས་བར་གྱི་མཛའ་མཐུན་ཇེ་ཟབ་ཏུ་གཏོང་འདོད་ཡོད། གནད་དོན་ཚ་ཤོས་ཐག་གཅོད་འོས་འཚམ་བྱས་ཏེ། ཀྲུང་གོ་དང་ཧན་གོའི་འབྲེལ་བའི་ཆབ་སྲིད་རྨང་གཞི་ལ་སྲུང་སྐྱོབ་བྱེད་འདོད་ཡོད།
ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཧན་གོའི་རྒྱལ་ཚོགས་བར་དུ་མཛའ་མཐུན་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་དང་། དུས་བཅད་བརྗེ་རེས་རྐྱེན་སྲོལ་སོགས་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱེད་པ། ཁྲིམས་འཛུགས་ལས་ཁུངས་ཀྱི་མཐོ་རིམ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་། མཛའ་མཐུན་ཚན་ཆུང་། དམངས་ཆེན་གྱི་འཐུས་མི་དང་གྲོས་མི་བཅས་བར་གྱི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་སྲིད་ཇུས་དང་བཅའ་ཁྲིམས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་འདོད་ཡོད།
ཡུས་ཡོན་ཀྲི་ཡིས་བཤད་རྒྱུར། ཧན་གོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་སོ་སོར་ད་ལོ་དང་སང་ལོའི་མགྲོན་བདག་རྒྱལ་ཁབ་བྱས་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་བསྡུ་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱས་ནས། ཧན་གོ་དང་ཀྲུང་གོའི་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་དགོས། ཧན་གོས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་ཁེ་ལས་དངུལ་གཏོང་། སྐྱེ་དངོས་སྨན་རྫས། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ། ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ། རིག་གནས་བརྗེ་རེས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་དགོས། ཧན་གོའི་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཧན་གོ་དང་ཀྲུང་གོའི་གྲོས་མིའི་མནའ་འབྲེལ་དང་མཛའ་མཐུན་ཚན་ཆུང་གི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ཁྲིམས་འཛུགས་ལས་ཁུངས་ཀྱི་བྱས་རྗེས་འཇོག་འདོད་ཡོད།
ཀྲང་ཆིན་ཝེ་གྲོས་མོལ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།