ཟླ2པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ་དང་གྲོས་མོལ་གནང་།
ཟླ2པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ་དང་གྲོས་མོལ་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གཉིས་ནི་རི་ཆུ་འདབས་འབྲེལ་དང་དམངས་སེམས་གཅིག་ཏུ་གཞོལ་བའི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ། ཟླ་གྲོགས་བཟང་པོ་བཅས་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས། དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་ཀྱི་མཐོ་ཚད་གསར་པར་སླེབས་ཡོད། ཕྱོགས་གཉིས་ཀའི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་མུ་མཐུད་སྲ་བརྟན་དུ་ཕྱིན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་སྐོར་གྱི་གཏམ་བཟང་གང་སར་ཁྱབ་ཡོད་ཅིང་། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་སྤྱི་ཚོགས་དང་དམངས་འདོད་རྨང་གཞིའང་ཉིན་རེ་བཞིན་ཇེ་བརྟན་དུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཅིར་ཅི་སི་སི་ཐན་བར་གྱི་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ཇེ་དམ་དུ་གཏོང་བ། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་རྒྱ་སྐྱེད་གཏོང་བ། ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། མཉམ་དུ་ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་ཀའི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བཅས་བྱས་ནས། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ལས་དོན་སྔར་ལས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀས་མུ་མཐུད་དུ་བསམ་ཕྱོགས་གསར་འབྱེད་བྱས་ཏེ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་དོན་གཙོ་བོར་བཟུང་ནས། གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འཕེལ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་དཔལ་འབྱོར་ཚོང་དོན་དང་དངུལ་གཏོང་མཉམ་ལས་མུ་མཐུད་རྒྱ་སྐྱེད་གཏོང་བ་དང་། ཅིར་ཅི་སི་སི་ཐན་གྱི་སྤུས་ལེགས་ཚོང་རྫས་སྔར་ལས་གང་མང་ནང་འདྲེན་བྱེད་པ། ཀྲུང་གོའི་མ་དངུལ་སྔར་ལས་གང་མང་ཅིར་ཅི་སི་སི་ཐན་དུ་བཏང་ནས། དངུལ་གཏོང་བྱ་གཞག་དར་སྤེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་མ་རྩ་གཏོང་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་གང་ལེགས་བྱ་རྒྱུའི་རེ་བ་ཡོད། ཕན་ཚུན་འབྲེལ་མཐུད་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་དང་། ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་ཀྲུང་གོ་དང་ཅིར་ཅི་སི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་བར་གྱི་ལྕགས་ལམ་འཛུགས་སྐྲུན་ལེགས་པོ་བྱ་རྒྱུ། ད་ཡོད་འགག་སྒོའི་དེང་རབས་ཅན་གྱི་སྒྱུར་བཀོད་ལ་དུས་མཉམ་དུ་སྐུལ་འདེད་གཏོང་བ། འགྲུལ་པ་དང་ཟོང་འདྲེན་དུས་གཏན་གནམ་གྲུ་སྔར་ལས་གང་མང་ཤར་གཏོང་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་སྣ་འགྲོ་འོང་དང་དངོས་ཟོག་འཁོར་རྒྱུག་ལ་སྟབས་བདེ་སྔར་ལས་གང་མང་བསྐྲུན་དགོས། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་ལས་དང་གཞི་གྲངས་ཆེན་མོ། མི་ཐབས་རིག་ནུས་སོགས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་མཉམ་ལས་རྒྱ་སྐྱེད་བཏང་ནས་འཕར་ཚད་གསར་པ་གཏོད་དགོས། ཕྱོགས་གཉིས་ཀས་ཀྲུང་གོའི་རིག་གནས་ལྟེ་གནས་དང་ལུའུ་པན་བཟོ་ཁང་། ཁུང་ཙི་སློབ་གླིང་སོགས་སྒྲིག་གཞི་གཉེར་སྐྱོང་ཡག་པོ་བྱས་ཏེ། ས་གནས་ཀྱི་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་བྱ་གཞག་ཁྲོད་ཞུགས་པའི་སྟོབས་ཤུགས་སྔར་ལས་གང་མང་གསོ་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་བར་མཉམ་ལས་དམ་ཟབ་བྱས་ཏེ། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་མཉམ་ལས་ལམ་སྲོལ་གྱི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་རྒྱུ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་མངོན་སུམ་གྱིས་སྟོབས་ལྡན་དུ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་བྱེད་པ། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་འཛམ་གླིང་ཧྲིལ་པོའི་བདེ་འཇགས་གྲོས་འགོ། འཛམ་གླིང་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་བཅས་ལག་བསྟར་བྱས་ནས། མཉམ་དུ་ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་བསྐྲུན་འདོད་ཡོད་ཅེས་ནན་གྱིས་གསུངས།
ཀྲ་ཕ་ལའོ་ཕུའུ་ཡིས་མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གི་གནས་སྟངས་འོག་ཏུ། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་མཉམ་ལས་དམ་ཟབ་བྱས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་དོན་འཁྱོལ་གང་ལེགས་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།
གྲོས་མོལ་གནང་རྗེས་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཅིར་ཅི་སི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་ཟབ་སྤེལ་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག》བཀོད་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་དང་དེ་བཞིན་ཕྱི་འབྲེལ་དང་དཔལ་འབྱོར་ཚོང་དོན། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་གནང་།
གྲོས་མོལ་མ་བྱས་པའི་སྔོན་ལ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོགས་ཆེན་བྱང་མ་རུ། ཀྲ་ཕ་ལའོ་ཧྥུའུ་བཟའ་ཟླ་གཉིས་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
ཉིན་དེའི་ཉིན་གུང་ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ། ཀྲ་ཕ་ལའོ་ཧྥུའུ་བཟའ་ཟླ་གཉིས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།