ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་མགོ་འཛིན་གནང་།
2025.02.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ2ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་མགོ་འཛིན་གནང་སྟེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་གྲོས་ཞིབ་བྱེད་པར་སྤྲོད་རྩིས་ཡོད་པའི་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་སྡུར་བྱས་པར་མ་ཟད། ལོ་གསར་པའི་ལས་དོན་ཡག་པོར་བསྒྲུབ་པར་སྐུལ་སློང་བྱས།

ཟླ2ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་མགོ་འཛིན་གནང་སྟེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་གྲོས་ཞིབ་བྱེད་པར་སྤྲོད་རྩིས་ཡོད་པའི་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་སྡུར་བྱས་པར་མ་ཟད། ལོ་གསར་པའི་ལས་དོན་ཡག་པོར་བསྒྲུབ་པར་སྐུལ་སློང་བྱས།

ལིས་ཆང་གིས་བསྟན་དོན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ་བ་ནི། རྒྱལ་ཡོངས་མི་དམངས་ཀྱི་སྲིད་གཞུང་བྱ་བའི་ཉམས་ལེན་དང་ལེན་བྱེད་པ་ཞིག་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་བཅད་འགན་འཁྲི་ཡིན། སྤུས་ཚད་མཐོ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ཞིག་གྲུབ་ན། ཐུན་མོང་ངོས་འཛིན་གཅིག་སྡུད་དང་ཡིད་ཆེས་མཐོར་གཏོང་། འཕེལ་རྒྱས་སྐུལ་འདེད་བཅས་ཀྱི་བྱེད་ནུས་གལ་ཆེན་ཐོན་ཐུབ་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ཟབ་མོ་བྱས་ཏེ། མང་ཚོགས་ཀྱི་རེ་འདུན་དང་སྤྱི་ཚོགས་ཀྱི་དོ་སྣང་ཐད་ལན་གསལ་བོ་སྤྲོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་མངོན་པར་བྱས་ནས་སྔར་ལས་ལྷག་པར་སྙན་ཞུ་བཟོ་བཅོས་གང་ལེགས་བྱེད་དགོས་ཞེས་གསུངས།

ལིས་ཆང་གིས་བསྟན་དོན། ལོ་གསར་བའི་ནང་གནས་བབ་དང་ལས་འགན་གསར་པར་ཁ་གཏད་འཇལ་དགོས་པས། ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཐབས་ཆེན་པོ་དང་འཐབ་ཇུས་བཀོད་སྒྲིག་ཧ་ཅང་གསལ་བོ་ཡིན་ཏེ། མ་ལག་རང་བཞིན་དང་གསར་གཏོད་རང་བཞིན་གྱིས་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས། སྤྱི་ཡོངས་ཁོང་དུ་ཆུད་པར་དོ་སྣང་བྱེད་དགོས་པ་མ་ཟད་རྒྱལ་ཁབ་ཕྱི་ནང་གཉིས་དང་། མིག་སྔར་དང་རྒྱང་རིང་། སྤྱི་ཁོག་དང་ཕྲ་ཞིབ། འཕེལ་རྒྱས་དང་བདེ་འཇགས་སོགས་ཀྱི་འབྲེལ་བ་གཅིག་འདོམས་ཡག་པོ་བྱས་ཏེ། དམིགས་འབེན་གང་མང་འོག་གི་ཕྱོགས་སོ་སོའི་བྱ་བའི་ཕན་ནུས་མཐོ་བའི་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ་དང་ཐོལ་བརྒལ་འཚོལ་ཞིབ་བྱེད་དགོས་ཤིང་། སྦས་ནུས་འདང་ངེས་དང་བར་སྟོང་ཆེ་བའི་འཕེལ་རྒྱས་ཁྱབ་ཁོངས་ཡང་དག་ཅིག་འཚོལ་བ་དང་སྣེ་ཁྲིད་རང་བཞིན་དྲག་ཅིང་སྒུལ་ཤུགས་སྟོབས་ལྡན་ཡིན་པའི་བྱ་བའི་གཙོ་གཞི་འཆར་འགོད་ཡག་པོ་བྱས་ནས། སྤྱི་ཡོངས་སྐུལ་ཁྲིད་ཐུབ་པའི་འབུར་ཐོན་གནས་སྔར་ལས་མང་བོ་བསྐྲུན་དགོས། ལས་དོན་ལག་ལེན་ཁྲོད་འཚོལ་ཞིབ་བྱས་ནས་གྲུབ་པའི་ཉམས་མྱོང་བྱེད་ཐབས་ནན་ཏན་སྒོས་སྤྱི་བསྡོམས་དང་ཕུན་སུམ་ཚོགས་པར་རྒྱ་བསྐྱེད་དེ། འཕེལ་རྒྱས་དམིགས་འབེན་གཏན་འཁེལ་དང་ཡུལ་དུས་དང་བསྟུན་ནས་འཁོར་ཡུན་ལྡོག་མའི་སྙོམ་སྒྲིག་ནུས་ཚད་ཆེ་རུ་གཏོང་དགོས། འབུར་ཐོན་གནད་དོན་གཅིག་སྡུད་བྱས་ཏེ། ཐོན་ཁུངས་སྡེབ་སྒྲིག་གཅིག་འདུས་ཤུགས་འདོན་དང་ཕྱོགས་གཅིག་ཤུགས་འདོན་བྱེད་དགོས། རྒྱུན་སྲོལ་གཏོར་ཕོད་པར་བྱས་ཏེ་ཚོར་ཐུབ་ཅིང་བསྒྲུབ་ཐུབ་པའི་སྲིད་ཇུས་བྱེད་ཐབས་འདོན་སྤེལ་བྱེད་དགོས། སེམས་ཁྲལ་བྱེད་སར་དུས་ལྟར་ལན་བཏབ་སྟེ་སྲིད་ཇུས་དང་ཚོང་ར་མཉམ་འགུལ་ཡོང་བར་ཤུགས་སྣོན་དགོས་ཞེས་གསུངས།

ལིས་ཆང་གིས་སྔར་ལས་དྲག་པའི་ཁག་ཁུར་དང་སྔར་ལས་འབད་འབུངས་ཀྱི་བྱེད་ཕྱོགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་གསར་བ་ལེན་དགོས་ན། ཡིད་ཆེས་བརྟན་པོ་དང་དཀའ་ལས་མཉམ་རྒྱག་བྱས་ཏེ། ཕྱིའི་གནས་བབ་ཀྱི་འགྱུར་ལྡོག་ལ་ལྟ་སྟངས་ཡང་དག་འཛིན་པ་དང་རྒྱལ་ནང་གི་དཔལ་འབྱོར་གནད་དོན་དང་ཕྱི་ཕྱོགས་འགྲན་སློང་ལ་ཁ་གཏད་འཇལ་རྒྱུ་གཅིག་འདོམས་ཐག་གཅོད་བྱེད་པ། གནོན་ཤུགས་དེ་སྒུལ་ཤུགས་སུ་བསྒྱུར་མཁས་བྱེད་དགོས། བྱེད་ཐབས་ནུས་ལྡན་སྤྱད་དེ་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་སྟོབས་ལྡན་དུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཐོལ་བརྒལ་གསར་བ་མངོན་འགྱུར་བྱས་ནས། མིག་རྒྱང་རིང་བར་བྱས་ཏེ་རང་རྒྱལ་འཕེལ་རྒྱས་ཀྱི་དགེ་མཚན་གསར་པ་བསྐྲུན་དགོས། ཡར་བརྩོན་བྱེད་ཕྱོགས་དང་སྒྲུབ་མཁས་འགྲུབ་མཁས་བྱས་ཏེ། གོ་སྐབས་ཀྱི་སྒུག་མི་སྲིད་པའི་སྙིང་སྟོབས་བཅངས་ནས་དངོས་འབེབས་དམ་འཛིན་བྱེད་པ་དང་། བཅོས་སྒྱུར་གསར་གཏོད་ཀྱི་བྱེད་ཐབས་སྤྱད་ནས་དཀའ་གནད་སེལ་མཁས་དང་ཚན་རིག་དང་མཐུན་པར་བསྟུན་མཁས་བྱེད་པ། བྱ་བའི་བརྟོལ་ཤུགས་ཤུགས་དྲག་ཏུ་གཏོང་བར་ཤུགས་འདོན་པ། དམིགས་འབེན་གསལ་ཞིང་དཔྱད་དཔོག་ཐུབ་པ་དང་། སྲིད་ཇུས་གནད་འཁེལ་དང་ལག་བསྟར་བྱེད་ཆོག་པ། ཆ་སྡེབ་བྱེད་ཐབས་དུས་ཐོག་ཏུ་འཁེལ་བར་བྱས་ཏེ། སྔར་ལས་མང་བའི་ནུས་ཤུགས་དངོས་འབེབས་དམ་འཛིན་བྱེད་པ་དང་། དོན་དངོས་སྒྲུབ་པའི་སྟེང་བཀོལ་དགོས་པར་མ་ཟད་ལག་བསྟར་བྱེད་པའི་ཁྲོད་དུ་སྲིད་ཇུས་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་སྒྱུར་ལེགས་བཅོས་བྱེད་དགོས། སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ། ཚོང་རའི་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས། ཞབས་ཞུའི་འདུ་ཤེས་སྔར་ལས་ཤུགས་དྲག་ཏུ་གཏོང་བ་དང་། ཚད་གཞི་སྔར་ལས་མཐོན་པོ་དང་ནུས་ཚད་སྔར་ལས་ཆེ་བའི་སྒོ་ནས་ཚོང་གཉེར་ཁོར་ཡུག་རྩེ་གྲ་ཞིག་བསྐྲུན་ནས། རིགས་སོ་སོའི་ཁེ་ལས་གསར་གཏོད་འཕེལ་རྒྱས་ཐད་སྔར་ལས་ལེགས་པའི་ཆ་རྐྱེན་འདོན་སྤྲོད་བྱེད་པ་དང་། རིགས་སོ་སོའི་འཇོན་མིས་ལས་སྒྲུབ་ལས་སྤེལ་བྱེད་པར་སྔར་ལས་མང་བའི་གོ་སྐབས་བསྐྲུན་ཏེ་སྤྱི་ཚོགས་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས་ཞེས་ནན་བཤད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཁོངས་མི་གྲོས་ཚོགས་སུ་ཞུགས་པ་དང་། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་པ་གྲོས་ཚོགས་ལ་ཟུར་ཞུགས་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།