ལིས་ཆང་གིས་ཝུན་ལའེ་ཡི་མགོ་ཁྲིད་པ་ཧཱ་སང་ན་ཨར་ལ་མཇལ་འཕྲད་གནང་།
2025.02.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ2པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ཝུན་ལའེ་ཡི་མགོ་ཁྲིད་པ་ཧཱ་སང་ན་ཨར་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཝུན་ལའེ་ནི་ཁྱིམ་མཚེས་བཟང་བོ་ཡིན། དེ་རིང་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཀྱིས་གྲོས་མོལ་མཛད་དེ། ཀྲུང་གོ་དང་ཝུན་ལའེ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་ནས་ཐུན་མོང་གི་ལྟ་བ་བྱུང་། ཀྲུང་གོས་ཝུན་ལའེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཐུན་མོང་གི་ལྟ་བ་ལག་བསྟར་བྱེད་པ་དང་། མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ཡིད་རྟོན་སྲ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱིས་མཐུན་སྒྲིལ་དང་འཐབ་ཇུས་རང་བདག་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། ཝུན་ལའེ་སོགས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་དུ། སྔར་ལས་དམ་ཞིང་ཟབ་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་ མནའ་འབྲེལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།

ཧཱ་སང་ན་ཨར་གྱིས་བསྟན་དོན། ཝུན་ལའེ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཧ་ཅང་གཅེས་སྤྲས་བྱེད་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་གོང་བཀུར་ལག་བསྟར་བྱེད་པ། ཀྲུང་གོ་བར་གྱི་དཔལ་འབྱོར་ཉོ་ཚོང་དང་ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་པ། མི་གཞུང་བརྗེ་རེས་ལ་ཤུགས་སྣོན་པ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བའི་སྒྲོམ་གཞིའི་ནང་གི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ས་ཁུལ་ཞི་བདེ་དང་གཏན་འཇགས་དར་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད།

ཝུའུ་ཀྲིན་ལུང་གོང་གི་མཇལ་འཕྲད་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།