ཞི་ཅིན་ཕིང་དང་ཁོ་ལོམ་པི་ཡའི་ཙུང་ཐུང་ཕའེ་ཐི་ལའོ་གཉིས་ཀྱིས་ཀྲུང་གོ་དང་ཁོ་ལོམ་པི་ཡའི་བར་འབྲེལ་བ་བཙུགས་ནས་ལོ45འཁོར་བར་ཕན་ཚུན་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
2025.02.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ2པའི་ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁོ་ལོམ་པི་ཡའི་ཙུང་ཐུང་ཕའེ་ཐི་ལའོ་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ45འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁོ་ལོམ་པི་ཡའི་བར་འབྲེལ་བ་བཙུགས་ནས་ལོ45འཁོར་བའི་རིང་ལ། ཕྱོགས་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྩ་དོན་གཞིར་བཟུང་བར་བརྟེན། ཕྱོགས་གཉིས་ཀའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ནས་མདུན་དུ་འཕེལ་བར་སྐུལ་འདེད་བཏང་ཡོད། 2023ལོའི་ཟླ10པའི་ནང་དུ། ཙུང་ཐུང་ཕའེ་ཐི་ལའོ་ཡིས་བདེ་བླག་ངང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་། སྐབས་དེར་ངས་སྐུ་ཞབས་ཙུང་ཐུང་དང་ཕན་འབྲས་ལྡན་པའི་ངང་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་བར་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་རྒྱུ་མཉམ་དུ་ཁྱབ་སྒྲོག་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དུས་རབས་གསར་པའི་ནང་སླེབས་རྒྱུར་སྣེ་ཁྲིད་བྱས། ཁོ་ལོམ་པི་ཡ་ནི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་། ད་ལོར་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཀྱི་ཐུན་མོང་སྒྲིག་གཞིའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་རེད། ངས་ཀྲུང་གོ་དང་ཁོ་ལོམ་པི་ཡའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་གང་ལེགས་བྱེད་ཀྱིན་ཡོད་པས། སྐུ་ཞབས་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཁོ་ལོམ་པི་ཡའི་འཐབ་ཇུས་རོགས་རེས་འབྲེལ་བ་ཟབ་སྤེལ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ནས། མཉམ་དུ་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད་ཅེས་གསུངས།

ཕའེ་ཐི་ལུའོ་ཡིས་ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ནས། འཛམ་གླིང་གི་ཞི་བདེ་དང་ནུས་ཁུངས་ཚུལ་བསྒྱུར། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཕྱོགས་གཉིས་ཀས་མཉམ་དུ་དོ་ཁུར་བྱེད་ཀྱིན་པའི་འཛམ་གླིང་ཧྲིལ་པོའི་གྲོས་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།