ལིའུ་གོ་ཀྲུང་སི་ཁྲོན་དབྱི་པིན་གྱི་རི་ཉིལ་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་སོང་ནས་འཚོལ་སྐྱོབ་ཐག་གཅོད་བྱ་བར་མཛུབ་སྟོན་བྱས།
2025.02.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཆང་གི་བླང་བྱ་གཞིར་བཟུང་ནས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཚེས8ཉིན་གྱི་དགོང་མོ་སི་ཁྲོན་དབྱི་པིན་གྲོང་ཁྱེར་གྱི་རི་ཉིལ་སའི་ཡུལ་དངོས་སུ་སོང་ནས། མི་སྣ་འཚོལ་སྐྱོབ་དང་འཕྲལ་བསྟུན་ཐག་གཅོད་བྱ་བར་མཛུབ་སྟོན་བྱས།

ལིའུ་གོ་ཀྲུང་དབྱི་པིན་གྲོང་ཁྱེར་དུ་ཐོན་རྗེས་ཐད་ཀར་ཅུན་ལན་རྫོང་མུའུ་ཨའེ་གྲོང་རྡལ་ཅིན་ཕིང་གྲོང་ཚོའི་ཉེན་སྐྱོབ་ཐག་གཅོད་ཡུལ་དངོས་སུ་བསྐྱོད་དེ། ཡུལ་དངོས་ནས་གནོད་ཐེབས་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། རོགས་སྐྱོབ་འཕེལ་རིམ་དང་རྗེས་མཐུད་བཀོད་སྒྲིག་བྱ་བར་རྒྱུས་ལོན་བྱས། དེའི་རྗེས་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་ཕེབས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་ཞུས་པ་དང་། གནས་སྤོར་ཉེན་འགོག་དང་འཚོ་བའི་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས།  ཚེས9ཉིན་གྱི་ཐོ་རེངས་ཀྱི་སྐབས་སུ། ལིའུ་གོ་ཀྲུང་གིས་མགོ་འཛིན་བྱས་ཏེ་གྲོས་ཚོགས་བསྡུས་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཆང་གི་བླང་བྱ་བརྒྱུད་སྒྲོག་ལག་བསྟར་བྱས་པ་དང་། གོམ་སྟབས་རྗེས་མའི་ཉེན་སྐྱོབ་རོགས་སྐྱོབ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནོད་ཐེབས་མང་ཚོགས་ལ་སེམས་ཁུར་ཆེན་པོ་བྱེད་ཀྱིན་ཡོད་ཅིང་། དོན་རྐྱེན་བྱུང་མ་ཐག་འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་ནས། ནུས་ཤུགས་ཡོད་རྒུས་གར་ཡོད་མ་ཤེས་པའི་མི་སྣ་འཚོལ་སྐྱོབ་དང་རྗེས་མཐུད་ཀྱི་བྱ་བ་སྣ་ཚོགས་ལེགས་སྒྲུབ་འོས་འཚམ་བྱེད་པ། ཞོར་སྐྱོན་སྔོན་འགོག་བྱེད་པ། འགལ་རྐྱེན་གྱི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ནས་བཀོད་སྒྲིག་གང་ལེགས་གནང་བ་རེད། དེ་བཞིན་དུ། ཙུང་ལི་ལིས་ཆང་གིས་ཀྱང་རོགས་སྐྱོབ་ཐག་གཅོད་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་ནས་བཀོད་སྒྲིག་གང་ལེགས་གནང་བ་རེད། སི་ཁྲོན་ཞིང་ཆེན་དང་འབྲེལ་ཡོད་ཕྱོགས་ཁག་གིས་ལས་ཀའི་བྱེད་ཐབས་སོ་སོ་རེ་རེ་བཞིན་ཞིབ་ཕྲ་ཅན་དུ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཆང་གི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་ཡག་པོ་བྱེད་དགོས་ཞེས་བསྟན།

ལིའུ་གོ་ཀྲུང་གིས་མི་དམངས་དང་ཚེ་སྲོག་བླ་ན་མེད་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།  རོགས་སྐྱོབ་སྟོབས་ཤུགས་ལུགས་མཐུན་དང་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། ནུས་ཤུགས་ཡོད་རྒུས་གར་ཡོད་མ་ཤེས་པའི་མི་སྣ་འཚོལ་སྐྱོབ་བྱ་དགོས། དོན་རྐྱེན་བྱུང་ཡུལ་དངོས་ཀྱི་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་མཐའ་འཁོར་གྱི་རི་བོ་སྔར་བཞིན་རྡིབ་ཉེན་ཆེ་བས། ཚན་རིག་དང་མཐུན་པའི་རོགས་སྐྱོབ་རྒྱུན་འཁྱོངས་དང་སྔོན་ཐོན་གྱི་རོགས་སྐྱོབ་སྒྲིག་ཆས་དང་ལྟ་ཞིབ་ཚད་ལེན་དཔྱད་ཆས་སྤྱད་དེ། ཚན་རིག་དང་མཐུན་པའི་ཞིབ་འཇུག་བརྡར་གཅོད་དང་ཡུལ་དངོས་དོ་དམ་ལ་ཤུགས་བསྣན་ནས། རོགས་སྐྱོབ་བདེ་འཇགས་ལ་འགན་ལེན་བྱེད་དགོས། གར་ཡོད་མི་ཤེས་པའི་མི་སྣར་ཞིབ་དཔྱད་གནད་ཁེལ་བྱས་ནས། ཁྱིམ་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པར་ཁག་ཐེག་བྱེད་དགོས། རི་ཉིལ་བའི་རྒྱུ་རྐྱེན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱེད་རྒྱུ་དང་། མཐའ་འཁོར་གྱི་ས་གཤིས་གནོད་འཚེ་ཡི་འགལ་རྐྱེན་དང་ཉེན་ཁར་ཞིབ་བཤེར་ཡང་དག་བྱས་ཏེ། འཇིགས་སྐྲག་གི་ངང་ན་ལུས་ཡོད་པའི་མང་ཚོགས་མགྱོགས་མྱུར་ངང་གནས་སྤོར་བྱེད་རྒྱུ་དང་། ཞོར་སྐྱོན་མི་འབྱུང་བར་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་རྐྱེན་ལམ་དུ་ཤོར་བ་དང་གར་ཡོད་མ་ཤེས་པའི་མི་སྣའི་ཁྱིམ་མིར་སེམས་གསོ་ཡག་པོ་བྱེད་པ་དང་། གནས་སྤོར་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་སྨན་བཅོས་ཞབས་ཞུར་འགན་ལེན་ཡག་པོ་བྱེད་པ། རྗེས་འཇུག་གི་ལས་དོན་ཞིབ་ཚགས་ངང་ལེགས་པར་བསྒྲུབ་དགོས། ཉེན་སྐྱོབ་རོགས་སྐྱོབ་དང་འབྲེལ་ཡོད་ཀྱི་འཕེལ་རིམ་སོགས་ཀྱི་ཆ་འཕྲིན་དུས་ཐོག་དང་གནད་ལ་འཁེལ་བའི་སྒོ་ནས་ཁྱབ་སྒྲོག་བྱས་ནས་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་གསལ་བོ་སྟེར་དགོས། ས་གནས་སོ་སོས་གནོད་འཚེ་དང་འབྲེལ་བ་ཡོད་པའི་དོན་རྐྱེན་སྣ་ཚོགས་ཀྱི་འགལ་རྐྱེན་ལ་ཞིབ་བཤེར་བཅོས་སྐྱོང་བྱས་ནས། འགན་འཁྲི་དོན་འཁྱོལ་དང་དོགས་ཟོན་ནན་མོ་བྱས་ཏེ། དོན་རྐྱེན་ཆེ་ཆུང་ཅི་རིགས་མི་འབྱུང་བར་རྩེ་གཅིག་ཏུ་འབད་དགོས་ཞེས་བསྟན།

ཚེས9ཉིན་གྱི་ཞོགས་པར། ལིའུ་གོ་ཀྲུང་ཅུན་ལན་རྫོང་མི་དམངས་སྨན་ཁང་དུ་རྨས་སྐྱོན་ཕོག་པའི་མང་ཚོགས་ལ་བལྟ་རུ་སོང་། ཁོས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་ཆུ་ཚད་མཐོ་བའི་སྨན་པ་བཀོད་སྒྲིག་བྱེད་པ། “མི་གཅིག་ལ་ཐབས་ཇུས་གཅིག་འདོན་པའི”བྱེད་ཕྱོགས་དོན་འཁྱོལ་བཅས་བྱས་ཏེ། རྨས་སྐྱོན་ཕོག་པའི་མང་ཚོགས་ལ་སྐྱོབ་བཅོས་ཞིབ་མོ་བྱས་ནས། མི་སྣ་ཤི་རྨས་ཀྱི་ཚད་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་ནན་བཤད་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།