ལིས་ཆང་གིས་ཁུའུ་ཁི་གླིང་ཚོམ་གྱི་ཙུང་ལི་པུའུ་ལང་ལ་མཇལ་འཕྲད་གནང་།
2025.02.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2ཚེས14ཉིན་གྱི་ཕྱི་དྲོར།    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧ་ཨར་པིན་དུ་ཀྲུང་གོར་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་མཇུག་སྒྲིལ་མཛད་སྒོར་ཞུགས་པའི་ཁུའུ་ཁི་གླིང་ཚོམ་གྱི་ཙུང་ལི་པུའུ་ལང་ལ་མཇལ་འཕྲད་གནང་།

ཟླ2ཚེས14ཉིན་གྱི་ཕྱི་དྲོར།    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧ་ཨར་པིན་དུ་ཀྲུང་གོར་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་མཇུག་སྒྲིལ་མཛད་སྒོར་ཞུགས་པའི་ཁུའུ་ཁི་གླིང་ཚོམ་གྱི་ཙུང་ལི་པུའུ་ལང་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཁུའུ་ཁི་བར་འབྲེལ་བ་བཙུགས་ནས་ལོ28འགོར་བའི་རིང་། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ཀྱི་མཛའ་བརྩེ་དང་འདྲ་མཉམ་ངང་ཕན་ཚུན་ལྟ་སྟངས་འཛིན་པ་དང་། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་མཉམ་དུ་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཡོད།     ཀྲུང་གོས་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་རྒྱུན་འཁྱོངས་བྱེད་པ་དང་། ཁུའུ་ཁི་གླིང་ཚོམ་མི་དམངས་ཀྱིས་རང་བདག་གིས་རང་ངོས་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་འདེམས་རྒྱུར་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད།    ཁུའུ་ཁི་ཕྱོགས་དང་ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ་དང་།    དངོས་གཉེར་མཉམ་ལས་རྒྱ་སྐྱེད་བཏང་སྟེ་དངོས་ཡོད་ཀྱི་གྲུབ་འབྲས་སྔར་ལས་མང་པོ་བླངས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཁུའུ་ཁི་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཁུའུ་ཁི་གླིང་ཚོམ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ཏེ། རྒྱ་མཚོ་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན།    ཞིང་ལས་དང་ཉ་ལས་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་སྒོས་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁུའུ་ཁི་ཕྱོགས་ཀྱི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་ནང་འདྲེན་བྱས་ནས། མང་ཚོགས་སྔར་ལས་མང་པོ་ཁུའུ་ཁི་གླིང་ཚོམ་དུ་ཡུལ་སྐོར་བྱེད་པར་འགྲོ་རྒྱུར་སྐུལ་མ་གཏོང་འདོད་ཡོད།     ཕྱོགས་གཉིས་ཀྱིས་སློབ་གསོ་དང་རིག་གནས། འཕྲོད་བསྟེན། གཞོན་ནུ་སོགས་མི་གཞུང་རིག་གནས་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ་རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་ཀྱི་མཛའ་བརྩེའི་འགྲོ་འོང་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁུའུ་ཁི་ཕྱོགས་དང་ཕྱོགས་མང་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་མཉམ་དུ་སྲུང་སྐྱོང་བྱས་ཏེ་འདྲ་མཉམ་ལུགས་མཐུན་དང་གཉིས་ཕན་མཉམ་ལས་ཀྱི་འཛམ་གླིང་གནམ་གཤིས་བཅོས་སྐྱོང་མ་ལག་ལག་གདང་སྦྲེལ་འཛུགས་པ་དང་། གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད།

པུའུ་ལང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ཀྲུང་གོར་འཛམ་གླིང་ཡོངས་ཀྱི་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པ་ཁུའུ་ཁི་ཕྱོགས་ཀྱིས་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ། ཁུའུ་ཁི་དང་ཀྲུང་གོ་བར་ལོ30ཙམ་གྱི་མཛའ་བརྩེའི་མཉམ་ལས་འབྲེལ་བ་ཡོད་པ་དང་། ཁུའུ་ཁི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ནི་ཟླ་གྲོགས་གལ་ཆེན་དང་གྲོགས་པོ་བཟང་པོར་བརྩིས་ནས། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཁུའུ་ཁི་གླིང་ཚོམ་དང་དེ་མིན་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་གཞན་དག་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བར་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུ།  ཁུའུ་ཁི་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་དུ་བརྩི་སྲུང་བྱ་རྒྱུ་ཡིན་པ་དང་། ཀྲུང་གོ་ཕྱོགས་དང་ཞིང་ལས་ཉ་ལས་དང་། རྨང་གཞིའི་སྒྲིག་ཆས།  དམངས་ཚིས།  རྒྱ་མཚོ། ཡུལ་སྐོར་སོགས་ཁྱབ་ཁོངས་ནང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་།  གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཁྱབ་ཁོངས་སུ་ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་དང་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

མཇལ་འཕྲད་ལ་ཞུགས་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་ཞིག་ལ་མིང་རྟགས་བཀོད།

ཝུའུ་ཀྲིན་ལུང་དང་ཧྲིན་དབྱི་ཆིན་གོང་གསལ་གྱི་བྱེད་སྒོར་ཞུགས།

ཤ་བོ་རིན་མཚོས་བསྒྱུར།