ཟླ2ཚེས14ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་ནས་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། སི་ཁྲོན་དབྱི་པིན་གྲོང་ཁྱེར་ཅུན་ལན་རྫོང་དུ་རི་ཉིལ་བའི་དོན་རྐྱེན་བྱུང་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མའི་དུས་ཚོད་ནང་མཛུབ་སྟོན་གལ་ཆེན་གནང་བ་དེས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་མི་དམངས་ལ་ཞབས་འདེགས་ཞུ་བའི་བརྩེ་སེམས་ཟབ་མོ་གང་ལེགས་སྒོས་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་མོ་བླངས་ཏེ། ཚད་མཐའི་བསམ་གཞིགས་དང་མཐར་སོན་བསམ་གཞིགས། ཉེན་ཁའི་འདུ་ཤེས་བཅས་བརྟན་པོ་བཙུགས་ནས། ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ནུས་ཤུགས་ཡོད་རྒུས་ད་ལོའི་བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་འཕྲིའི་བྱ་བ་ལེགས་པར་བསྒྲུབ་དགོས། ལྟ་ཞིབ་ཚད་ལེན་སྔོན་བརྡ་དང་རྩ་བཅོས་མཁྲེགས་གཏོར་ལ་ཤུགས་སྣོན་པ་དང་། གནམ་གཤིས་འགྱུར་ལྡོག་དང་གནོད་འཚེ་སྣ་ཚོགས། བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་ཉེན་ཁ་བཅས་ལ་དུས་ཐོག་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་ཞིབ་འཇུག་བརྡར་གཅོད་བྱ་རྒྱུར་ཤུགས་བསྣན་ནས། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་མཁྲེགས་གཏོར་གྱི་ལོ་གསུམ་ལས་འགུལ་ཏན་ཏིག་ངང་སྤེལ་བ་དང་། གནོད་འགོག་གནོད་སེལ་གྱི་བྱ་བ་སྔོན་ལ་ཏན་ཏིག་གིས་སྒྲུབ་དགོས། ཉེན་གཡོལ་གནས་སྤོ་བྱེད་པའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ་དང་། གནས་སྤོ་བྱེད་ཐབས་ཞིབ་ཕྲར་གཏོང་བ། མང་ཚོགས་ཀྱི་བྱ་བ་ཏན་ཏིག་དང་ཞིབ་ཕྲའི་ངང་བསྒྲུབ་པ་བཅས་བྱས་ནས། ལོ་འཁོར་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱ་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅི་ལིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ། དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་འགུལ་ངང་ཚད་གཞི་བསྡུར་ནས་ཚོང་འགུག་དངུལ་འདྲེན་སོགས་ཀྱི་བྱ་བ་སྣ་ཚོགས་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་པ་དང་། དུས་ཚིགས་དང་པོའི“མགོ་ཡག་པོ་རྩོམ་པ།”ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་ཆེད་མགོ་ཡག་པོ་རྩོམ་དགོས། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ། ལོ་འཁོར་གྱི་གཙོ་གནད་བཅོས་སྒྱུར་ལས་འགན་དོན་འཁྱོལ་དམ་འཛིན་ནན་མོ་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ནས། ཞིང་ཆེན་ཡོངས་ཀྱི་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་མཛད་སྒོའི་དགའ་བསུ་ཞུ་བའི་གསོལ་སྟོན་ཐོག་ཤིས་ཚིག་གལ་ཆེན་གནང་ནས་ཞི་བདེ་དང་འཕེལ་རྒྱས། མཛའ་བརྩེ་བཅས་ཕྱོགས་གསུམ་གྱི་ཐད་གསལ་འགྲེལ་གསལ་པོ་གནང་ནས་གཡོ་འགུལ་ཆེ་བའི་འཛམ་གླིང་ལ་སྔར་ལས་བརྟན་བརླིང་རང་བཞིན་དང་དྲང་ཕྱོགས་ཀྱི་ནུས་ཤུགས་བསྣན་ཡོད། མུ་མཐུད་དུ་ཕྱི་ཕྱོགས་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་དང་། ས་གནས་ཀྱི་ཕྱི་དོན་བྱ་བ་ཏན་ཏིག་གིས་ལེགས་པར་བསྒྲུབས་ཏེ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ཁྱོན་ཡོངས་ལ་ཞབས་ཞུ་སྔར་ལས་ལེགས་པོར་སྒྲུབ་དགོས།“གངས་འཁྱགས་ཁ་བ་ཡང་གསེར་རི་དངུལ་རི་ཡིན”པའི་འདུ་ཤེས་ལག་ལེན་གཏིང་ཟབ་བྱས་ནས། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་དང་ལས་གཞི་འཆར་འགོད་ལ་ཤུགས་བསྣན་ཏེ། ཡུལ་བབ་དང་བསྟུན་ནས་གངས་འཁྱགས་ལུས་རྩལ་གྱི་ཟོང་རྟགས་འགྲན་བསྡུར་དང་རིག་གནས་བརྗེ་རེས་བྱ་འགུལ་འཚོལ་ཞིབ་དང་གསར་སྐྲུན་བྱས་ནས། གངས་འཁྱགས་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་ནང་། ཞིང་ཆེན་ཡོངས་ཀྱིས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བར་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་རིམ་པའི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་ལམ་སྲོལ་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བ་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུའི་འགན་འཁྲི་གཙོ་བོ་དང་ལས་རིགས་སྡེ་ཁག་གི་བྱ་བའི་འགན་འཁྲི་དམ་ཟབ་བྱས་ཏེ། ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བ་དེ་སྤྱོད་ཚུལ་འཛུགས་སྐྲུན་མཐོར་གཏོང་བྱ་སྤྱོད་ཀྱི་བྱེད་ཐབས་ནུས་ལྡན་དུ་བརྩི་བ་དང་། གཙོ་གནད་ལས་འགན་དང་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ལ་དམ་པོར་དམིགས་ནས། འབྱུང་ཁུངས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱ་བའི་ནུས་ཤུགས་གཅིག་སྒྲིལ་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བ་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་རྒྱལ་གཉེར་ཁེ་ལས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་མཐོ་རུ་གཏོང་བའི་བྱ་སྤྱོད་ཀྱིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། བློ་བརྟན་འགྱུར་མེད་ངང་རྒྱལ་གཉེར་ཁེ་ལས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། རྒྱུན་འཁྱོངས་སྒོས་ཕན་ནུས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱ་རྒྱུར་དམིགས་ནས། རྒྱལ་དབང་མ་རྩ་སྔར་ལས་མང་པོ་དངོས་ཕུང་དཔལ་འབྱོར་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ཐོན་ལས་དང་གཞི་གྲངས་ཆེན་པོ་མཉམ་འདྲེས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་གཉེར་ཁེ་ལས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས།
གྲོས་ཚོགས་ལས《སློབ་གསོའི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་འཆར་འགོད་རྩ་གནད(2024ལོ་ནས2035ལོ་བར)》ལ་གྲོས་ཞིབ་བྱས། ཏང་གིས་སློབ་གསོའི་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ་དང་། ཀུན་སྤྱོད་འཛུགས་སྐྲུན་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོ་དང་། རྨང་གཞིའི་སློབ་གསོ་ལེགས་པོ་རྒྱ་བསྐྱེད་གཏོང་བ། མཐོ་རིམ་སློབ་གསོའི་ནང་དོན་འཕེལ་རྒྱས་གཏོང་བ་སོགས་གཙོ་གནད་ལ་དམིགས་ནས། ཤུགས་ཚད་སྔར་ལས་ཆེ་བ་དང་བྱེད་ཐབས་སྔར་ལས་ཟབ་མོར་བརྟེན་ནས་སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། བཟོ་སྐྲུན་སྣ་དགུ་ལག་བསྟར་གཏིང་ཟབ་བྱས་ཏེ་སློབ་གསོ་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་བྱ་བར་བརྟན་བརླིང་སྐུལ་འདེད་གཏོང་དགོས།
ཤ་བོ་རིན་མཚོས་བསྒྱུར།