ཟླ2པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ལ་རྡུང་རྡེག་བཅོས་སྐྱོང་བྱེད་པའི་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་གྱི་ཚང་འཛོམས་གྲོས་ཚོགས་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་ཀྱི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ལ་རྡུང་རྡེག་བཅོས་སྐྱོང་བྱེད་པའི་བྱ་བའི་བརྙན་རིས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། བྱ་བར་སྤྱི་སྡོམ་དང་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། ལས་འགན་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧུང་ཡ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཚོགས་ཐོག་ནས་བསྟན་དོན། 2024ལོའི་ཚུན་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་དགོངས་པ་རྒྱུན་འཁྱོངས་བྱས་པ་དང་། མཉམ་འཛིན་མཉམ་སྡོམ་དང་དཀའ་ངལ་ཁྱད་སེལ་བྱས་ལ། ཆེད་ལས་བཞི་དང་མཉམ་ཤུགས་གཉིས་ཀྱི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པ་དང་། རྡུང་འགོག་སྡོམ་འཛིན་དང་འཛུགས་སྐྲུན་བཅས་ཀྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱེད་རྒྱུ་དམ་འཛིན་བྱས་པས། ཞིང་ཆེན་ཡོངས་ཀྱི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཐད་ཀྱི་གྱོད་དོན་ཐོ་འགོད་བྱེད་ཚད་དང་གྱོད་འབྲེལ་གྱོང་གུན་བསྟུད་མར་ལོ་གསུམ་རིང་ཇེ་ཉུང་འགྲོ་བའི་བྱ་བའི་དམིགས་འབེན་ཡོངས་འགྲུབ་བྱས་པ་དང་། མགོ་སྐོར་དང་འབྲེལ་བའི་མ་དངུལ་ཕྱིར་སྟེར་བ་དང་། སྔོན་བརྡ་གཏོང་བ་དང་བཀག་སྡོམ་བསླབ་བྱ་གནང་བ། མགོ་སྐོར་ལ་ངོ་རྒོལ་བྱེད་པའི་དྲིལ་སྒྲོག་ལོའི་བྱ་འགུལ་སྤེལ་བ་སོགས་ཀྱི་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱུན་མཐུད་ངང་ཚ་འདེད་དྲག་རྡུང་བྱེད་པ་དང་། རྡུང་རྡེག་གི་སྤུས་འབྲས་སྔར་ལས་ཇེ་མཐོར་གཏོང་བ། མགོ་སྐོར་ཚོགས་པའི་རྩ་འཛུགས་སྒྲོམ་གཞི་གཏོར་ནས། ཕྲེང་འབྲེལ་ཧྲིལ་བོའི་ཞིབ་གཅོད་རྡུང་རྡེག་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། བཀག་སྡོམ་དྲ་རྒྱ་ཇེ་བརྟན་དུ་གཏོང་བ་དང་། མགོ་སྐོར་ལ་རྡུང་རྡེག་བྱེད་པའི་འགོག་རགས་སྔར་ལས་ཇེ་བརྟན་དུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་རྒྱུ་ནོར་གྱོང་གུན་ཇེ་ཉུང་དུ་བཏང་སྟེ། ཚད་ཆེས་ཆེ་བའི་སྒོ་ནས་གྱོད་དོན་འབྱུང་བར་སྔོན་འགོག་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བཅོས་སྐྱོང་གི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བ། འཕྲིན་གཏོང་ཁྱབ་ཁོངས་དང་དངུལ་རྩའི་ཁྱབ་ཁོངས། མཉམ་འབྲེལ་དྲ་རྒྱའི་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་མགོ་སྐོར་དང་འབྲེལ་བའི་ཉེན་ཁར་གྲལ་བཤེར་བྱས་ནས། མགོ་སྐོར་ཉེས་བྱས་ཀྱི་འབྱུང་རྐྱེན་གཏན་ནས་མེད་པར་བྱེད་དགོས། མཉམ་ལས་མཉམ་འབྲེལ་ཟབ་མོ་བྱེད་པ་དང་། བཀག་སྡོམ་མཉམ་ཤུགས་གཅིག་ཏུ་བསྡུ་བ། ཐོན་ཁུངས་ལེགས་བསྡུས་དང་སྟོབས་ཤུགས་མཉམ་བསྲེས། མཉམ་ལས་གཞོགས་འདེགས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ནས། རྡུང་རྡེག་བཅོས་སྐྱོང་གི་མཉམ་ཤུགས་གྲུབ་པར་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།