བློ་མཐུན་ཙོའུ་ཅཱ་ཧྭ་ཡི་སྐུ་གདུང་པེ་ཅིང་དུ་སྦྱིན་སྲེག་བྱས།
2025.02.20 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན།    ཡུན་རིང་ཉམས་སད་ཐེག་པའི་གུང་ཁྲན་རིང་ལུགས་ལ་བློ་དཀར་བའི་འཐབ་མོ་པ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་། རང་རྒྱལ་གྱི་དཔལ་འབྱོར་འཛུགས་སྐྲུན་གྱི་འཐབ་ཕྱོགས་དང་རྒྱལ་སྲུང་བཟོ་ལས་ཀྱི་འཐབ་ཕྱོགས།  སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཛུགས་སྐྲུན་བཅས་ཀྱི་ཕུལ་དུ་བྱུང་བའི་མགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་བཞི་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཟུར་པ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་མཐུན་ཙོའུ་ཅཱ་ཧྭ་ཡི་སྐུ་གདུང་ཚེས20ཉིན་པེ་ཅིང་པཱ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོ་ནས་སྦྱིན་སྲེག་བྱས།

བློ་མཐུན་ཙོའུ་ཅཱ་ཧྭ་ལ་སྙུང་གཞི་ཕོག་ནས2025ལོའི་ཟླ2པའི་ཚེས16ཉིན་གྱི་ཆུ་ཚོད23དང་སྐར་མ42སྟེང་པེ་ཅིང་དུ་སྐུ་གཤེགས་པ་དང་དགུང་ལོ99རེད།

བློ་མཐུན་ཙོའུ་ཅཱ་ཧྭ་ལ་སྙུང་གཞི་ཕོག་སྐབས་དང་སྐུ་གཤེགས་རྗེས་བློ་མཐུན་ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན། ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་ཕེབས་པའམ་ཡང་ན་ཐབས་གཞན་པར་བརྟེན་ནས་བློ་མཐུན་ཙོའུ་ཅཱ་ཧྭ་སྐུ་གཤེགས་པར་གདུང་སེམས་ཆེན་པོས་མྱ་ངན་ཞུས་པར་མ་ཟད་ཁོང་གི་གཉེན་ཉེར་འཚམས་འདྲི་གནང་།

ཚེས20ཉིན་གྱི་སྔ་དྲོར། པཱ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོའི་ཚོམས་ཁང་དུ་གདུང་བའི་རོལ་དབྱངས་དལ་བུར་གྲགས་བཞིན་ཡོད། ཚོམས་ཁང་གི་སྟེང་རིམ་དུ་རས་གཞི་ནག་པོའི་ངོས་སུ་ཡི་གེ་དཀར་པོས་བློ་མཐུན་ཙོའུ་ཅཱ་ཧྭ་སྐུ་གཤེགས་པར་གདུང་སེམས་ཆེན་པོས་མྱ་ངན་ཞུ་ཞེས་བྲིས་ཡོད་པ་དང་།  སྦྱར་ཡིག་གི་འོག་ཏུ་བློ་མཐུན་ཙོའུ་ཅཱ་ཧྭ་ཡི་སྐུ་བརྙན་བཞག་ཡོད། བློ་མཐུན་ཙོའུ་ཅཱ་ཧྭ་ཡི་སྐུ་གདུང་མེ་ཏོག་དང་ཤུག་པའི་ལོ་མའི་ཁྲོད་དུ་བཞག་ཡོད་པ་དང་།  ལུས་སྟེང་དུ་བཀྲག་མདངས་འཚེར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་བཀབ་ཡོད།

སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀ་ཙམ་ལ། ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི།  ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་མྱ་ངན་གྱི་རོལ་དབྱངས་ཁྲོད་དུ་དལ་གྱིས་བློ་མཐུན་ཙོའུ་ཅཱ་ཧྭ་ཡི་སྐུ་གདུང་གི་མདུན་དུ་སོང་ནས་མྱ་ངན་ཞུས་པ་དང་།  བློ་མཐུན་ཙོའུ་ཅཱ་ཧྭ་ཡི་སྐུ་གདུང་ལ་གུས་འདུད་ལན་གསུམ་ཞུས་པར་མ་ཟད། བློ་མཐུན་ཙོའུ་ཅཱ་ཧྭ་ཡི་གཉེན་ཉེ་རྣམས་ལ་ཕྱག་འཇུ་བྱས་ནས་འཚམས་འདྲི་བྱས།

ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་མྱ་ངན་ཞུ་བར་ཕེབས་པའམ་ཡང་ན་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་མྱ་ངན་ཞུས།  ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་།    བློ་མཐུན་ཙོའུ་ཅཱ་ཧྭ་སྐུ་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མིའང་མྱ་ངན་ཞུ་བར་སོང་།

ཤ་བོ་རིན་མཚོས་བསྒྱུར།