སྐབས་གཉིས་པའི་མཚོ་སྔོན་དང་ཞང་ཀང་གི་ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུ་ཞང་ཀང་ནས་བསྡུས།
2025.02.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2པའི་ཚེས21ཉིན། སྐབས་གཉིས་པའི་མཚོ་སྔོན་དང་ཞང་ཀང་གི་ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུ་དང་མཚོ་སྔོན་གྱི་གསོལ་སྟོན་དང་ཞང་ཀང་གི་ཞིམ་ཟས་ཞེས་པའི་སྨྱན་སྦྱོར་ཁྱབ་སྤེལ་ཚོགས་འདུ་ཞང་ཀང་ནས་བསྡུས་པ་དང་། གཙོ་བོ་མཚོ་སྔོན་དང་ཞང་ཀང་ས་གནས་གཉིས་ཀྱི་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་གསར་བ་དང་འགྲན་ལམ་གསར་བ་རྒྱ་བསྐྱེད་པ། སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་གསོ་སྐྱོང་བྱ་ཆེད་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེང་ཀྲིན་དབྱིན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་ཚོགས་འདུར་ཞུགས་ནས་གཙོ་དོན་གཏམ་བཤད་བྱས། ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་གིས་མགོ་འཛིན་བྱས། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྲིད་དོན་ཟི་ཡི་ཟི་ཀྲང་ཁྲིན་གོ་ཅི་དང་། ཀྲུང་དབྱང་སྲིད་གཞུང་གི་ཞང་ཀང་དུ་སྡོད་པའི་འབྲེལ་གཏུག་གཞུང་སྒྲུབ་ཁང་གི་དྲུང་ཡིག་ཆེན་མོ་ཝང་སུང་མེའོ་ཚོགས་འདུར་ཞུགས།

ལེང་ཀྲིན་དབྱིན་གྱིས་བསྟན་དོན། ན་ནིང་གི་ཟླ9པར་མཚོ་སྔོན་གྱིས་ཞང་ཀང་དུ་བརྗེ་རེས་མཉམ་ལས་ཀྱི་བྱ་འགུལ་སྤེལ་བའི་ཚུན་དུ། ས་གནས་གཉིས་ཀྱིས་རང་སྟེང་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་པ་དང་། ཉོ་ཚོང་དང་མི་གཞུང་། ཡུལ་སྐོར་སོགས་ཁྱབ་ཁོངས་ལ་དམིགས་ཏེ་གྲུབ་འབྲས་ཕུན་སུམ་ཚོགས་པའི་བརྗེ་རེས་དང་མཉམ་ལས་རབ་དང་རིམ་པ་བྱས་ཤིང་། ས་གནས་གཉིས་མཉམ་དུ་དར་རྒྱས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཉེ་བའི་ལོ་འདི་འགར་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། ཞང་ཀང་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་ནས་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ། རྒྱུན་མི་ཆད་པའི་གསར་གཏོད་དང་ཚད་རིམ་སྔར་ལས་མཐོ་བའི་འཕེལ་རྒྱས་དགོས་མཁོ་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་ཡོད། མཚོ་སྔོན་ནས་ཐོན་པའི་མཐོ་སྒང་གི་ལྗང་མདོག་དང་སྐྱེ་ལྡན། གནོད་མེད་ཀྱི་ཟས་རིགས་རྒྱུ་ཆས་ཞང་ཀང་གི་ཟས་རིགས་གསར་གཏོད་འཕེལ་རྒྱས་ཐད་སྤུས་ལེགས་རྒྱུ་ཆ་མཁོ་འདོན་བྱས་ཤིང་། ཞང་ཀང་གིས་ཉོ་ཚོང་ཞབས་ཞུ་མཐོར་འདེགས་གཏོང་བར་འཕེལ་རྒྱས་ཀྱི་གོ་སྐབས་འདོན་སྤྲོད་བྱས་ཡོད་ཅིང་། མཚོ་སྔོན་ལ་ད་དུང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་། སྣ་མང་མི་རིགས་རིག་གནས་ཡོད་པས། ཕྱོགས་གཉིས་ཀྱི་མཉམ་ལས་བར་སྟོང་ཧ་ཅང་རྒྱ་ཆེ་བ་ཞིག་རེད། ཕྱོགས་གཉིས་ཀྱིས་མཉམ་དུ་རེ་ལྟོས་བྱེད་ཀྱིན་པའི་ཚད་རིམ་སྔར་ལས་མཐོ་བའི་མཉམ་ལས་འཕེལ་རྒྱས་ལ་དམིགས་ཏེ། ང་ཚོས་མཚོ་སྔོན་དང་ཞང་ཀང་གི་མ་འོངས་འཕེལ་རྒྱས་ཁྲོད་རང་རང་གི་ཁྱད་ནུས་འདོན་སྤེལ་དང་ཕན་ཚུན་གྱི་དགོས་མཁོ་བསྐོང་ཐུབ་པར་བྱེད་པ་དང་། ཡུན་རིང་བའི་བྱས་རྗེས་འཇོག་པ་དང་རྒྱུན་མཐུད་ངང་ཤུགས་འདོན་པ། མཚོ་སྔོན་བར་གྱི་དཔལ་འབྱོར་ཉོ་ཚོང་དང་ཐོན་ལས་མཉམ་ལས། ཡུལ་སྐོར་གསར་སྤེལ། མི་གཞུང་བརྗེ་རེས་སོགས་ཕྱོགས་སོ་སོའི་ཐད་ཀྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། མཚོ་སྔོན་དང་ཞང་ཀང་འབྱོར་ཕྱུག་འཕེལ་རྒྱས་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད།

ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། ཀྲུའུ་ཞི་གཞོན་པ་ལེང་ཀྲིན་དབྱིན་དང་ཞང་ཀང་གི་ལས་རིགས་སོ་སོའི་གྲོགས་པོ་རྣམས་ཀྱིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་དང་ཞང་ཀང་གི་མཉམ་ལས་ནི་མཐོ་སྒང་གི་ལྗང་མདོག་དང་རྒྱལ་སྤྱིའི་འཆར་འགོད་ཀྱི་གོ་སྐབས་ཤིག་དང་། སྐྱེ་ཁམས་རིན་ཐང་དང་ཚོང་རའི་གསོན་ཤུགས་མཉམ་འདྲེས་བྱས་པ་ཞིག་ཡིན་ལ། ལྷག་ཏུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འོག་དགེ་མཚན་གསབ་རེས་བྱས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན། ན་ནིང་དབྱར་ཁ་བརྗེད་ཐབས་མེད་པ་ཞིག་སྟེ། ཀྲུའུ་ཞི་གཞོན་པ་ལེང་ཀྲིན་དབྱིན་གྱིས་དངོས་སུ་སྐུལ་འདེད་བཏང་ཞིང་ཞང་ཀང་གི་ལས་རིགས་སོ་སོའི་ཐུགས་ཁུར་རྒྱབ་སྐྱོར་འོག  མཚོ་སྔོན་དང་ཞང་ཀང་གི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་མཉམ་ལས་བྱ་འགུལ་བདེ་ལེགས་ངང་སྤེལ་བ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཤུགས་རྐྱེན་ཐེབས་འོག་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་ལ་གསོན་ཤུགས་གསར་བ་བསྣན་པ་དང་། སྐྱེ་ཁམས་མཐོ་ས་དང་རྒྱལ་སྤྱིའི་གྲོང་ཁྱེར་གྱི་རྩ་ཆེའི་ཚན་ཁག་དང་འཛད་མཐའ་མེད་པའི་སྦས་ཤུགས་མངོན་པར་བྱས་ཡོད། མིག་སྔར། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། ལོ་རྒྱུས་ཀྱི་ཆེས་ལེགས་པའི་འཕེལ་རྒྱས་གོ་སྐབས་དང་འཕྲད་ཡོད། ང་ཚོས་ཞང་ཀང་དང་མཉམ་དུ་ལྗང་མདོག་ཐོན་ལས་ཀྱི་རྒྱུ་ལམ་རྒྱ་བསྐྱེད་པ་དང་། ཐོན་ཁུངས་ནས་མ་རྩའི་བར་གྱི་རིན་ཐང་རིམ་སྤོར་མངོན་འགྱུར་བྱས་ཏེ། སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་རྒྱུ་ལམ་མཉམ་དུ་རྒྱ་བསྐྱེད་ནས་ཁྱད་མཚར་གནས་མཆོག་ནས་འཇིག་རྟེན་ཁམས་ཀྱི་མཛེས་ཉམས་ཡོངས་སུ་མངོན་པ་མངོན་འགྱུར་བྱེད་པ། དམངས་ཚིས་མཉམ་འདྲེས་རྒྱུ་ལམ་མཉམ་དུ་རྒྱ་བསྐྱེད་ནས་མཐོ་སྒང་ནས་མཚོ་ཁུགས་བར་གྱི་བདེ་སྐྱིད་བརྒྱུད་སྒྲོག་བྱེད་ནུས་མངོན་འགྱུར་བྱེད་པའི་རེ་ལྟོས་ཆེ། མཚོ་སྔོན་གྱི་ཟས་མཆོག་ལ་ལོ་རྒྱུས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་ལ། གདོད་མའི་སྐྱེ་ཁམས་ཀྱི་ལྗང་མདོག་རྣམ་པ་མངོན་ཞིང་། རིག་གནས་སྣ་མང་མཉམ་གཅིག་ཏུ་འདུས་ཡོད་སྟབས་ས་གནས་་གཉིས་ཀྱི་ཟས་མཆོག་གཞི་རྟེན་དུ་བྱས་ཏེ། ལག་རྡང་མཉམ་སྦྲེལ་གྱིས་ལྕེ་རྩེ་ན་མངོན་པའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་བསྐྲུན་ནས། ཞང་ཀང་གི་མེ་ཏོག་མཆིན་ཁ་ལས་མཚོ་སྔོན་གྱི་མེ་ཏོག་གངས་ལྷའི་མཛེས་སྡུག་མངོན་ཐུབ་ཅིང་། ཞང་ཀང་གི་མཛེས་པས་གཙང་གསུམ་མགོ་ཁུངས་བརླན་པར་བྱེད་པའི་དུས་རབས་ཀྱི་རི་མོ་མཉམ་དུ་འབྲི་རྒྱུའི་རེ་བ་བྱས་ཡོད་ཅེས་བསྟན།

ཁྱབ་སྤེལ་ཚོགས་ཐོག་ཏུ། ཞང་ཀང་མའེ་ཞིན་སྡེ་ཚོགས་ཀྱི་ལག་བསྟར་རྐང་འཛིན་དབུ་གཙོ་ཝུའུ་ཝེ་ཆོན་གྱིས་དགའ་བསུ་ཞུ་བའི་ཤིས་ཚིག་ཕུལ་བ་དང་། 2025ལོའི་སྐབས་དང་པོའི་མཛེས་པའི་མཚོ་སྔོན། མཐོ་སྒང་སྤུས་ལེགས་ཐོན་རྫས་ཀྱི་ཡུལ་དངོས་ཐོན་རྫས་ཀྱི་མིང་ཐོ་དང་ཞང་ཀང་མའེ་ཞིན་གྱི་ཟས་ཐོ་གསར་བ་ཁྱབ་བསྒྲགས་བྱས། ཞང་ཀང་ཉོ་ཚོང་འཕེལ་རྒྱས་ཅུའུ་གནས་སྐབས་ཚབ་བྱེད་སྤྱི་གཉེར་པ་ཧྲུའུ་ཧྥིན་གྱིས་ཤིས་ཚིག་ཕུལ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཚོང་དོན་ཐིན་བཅས་ཀྱི་འགན་ཁུར་བས་སོ་སོར་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་དང་ཐོན་ལས་གནས་བཞི། ཉོ་ཚོང་མཉམ་ལས་བཅས་ཐད་ཀྱི་མདུན་ལྗོངས་ལ་དམིགས་ཏེ་འོས་སྦྱོར་བྱས། མཚོ་སྔོན་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་དང་ས་གནས། ཁེ་ལས། ཞང་ཀང་གི་འབྲེལ་ཡོད་ཕྱོགས་ཀྱི་དངུལ་གཏོང་དང་། ཉོ་ཚོང་། རིག་གནས་ཡུལ་སྐོར། ཞིང་ཕྱུགས་སོགས་ཁྱབ་ཁོངས་མང་པོས་ལས་གཞི་ཞེ་གཅིག་ལ་གན་རྒྱ་བཀོད་པ་དང་། གན་རྒྱའི་དངུལ་གྲངས་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་གཅིག་བྱེ་བ་དྲུག་ལ་སླེབས།

ཞང་ཀང་གི་འབྲེལ་ཡོད་ལས་ཁུངས་དང་། ཚོང་ལས་མཐུན་ཚོགས། བཟོ་ཚོང་སྡེ་ཁག་གི་འཐུས་མི། ཞང་ཀང་དང་ཨོ་མིན་གྱི་མཚོ་སྔོན་གྱི་སྲིད་གྲོས་ཨུ་ཡོན་ཁ་ཤས། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ས་གནས་དང་། སྡེ་ཁག མཚོ་སྔོན་དང་ཞང་ཀང་ས་གནས་གཉིས་ཀྱི་ཁེ་ལས་སུམ་བརྒྱ་ལྷག་གི་འགན་ཁུར་མི་སྣ་སོགས་མི350ཙམ་བྱ་འགུལ་ལ་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།