ཉེ་ལམ། 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་སྡེའི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་སྐོར་གྱི་བསམ་འཆར》དངོས་སུ་ཁྱབ་བསྒྲགས་བྱས།
《བསམ་འཆར》ལས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་ངེས་པར་དུ་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་མྱུར་དུ་སྐུལ་འདེད་གཏོང་དགོས། ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་ཇི་ལྟར་འཇལ་ན། “ཞིང་གསུམ”གྱི་བྱ་བའི་རྨང་གཞི་དེ་ལྟར་སྲ་བརྟན་དུ་གཏོང་དགོས། 2025ལོ་དང་རྗེས་ཕྱོགས་ཀྱིདུས་སྐབས་ཤིག་གི“ཞིང་གསུམ”བྱ་བ་ལེགས་པར་བསྒྲུབ་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་དོན་འཁྱོལ་བྱེད་པ་དང་། ཏང་གིས“ཞིང་གསུམ”བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དེར་ཤུགས་སྣོན་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་དང་བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བ་དང་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གཏན་འཁེལ་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་དང་ཚན་རྩལ་གསར་གཏོད་སྒུལ་ཤུགས་སུ་བྱས་ནས། ཞིང་སྡེའི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་དགོས། “ཁྲི་སྟོང་བཟོ་སྐྲུན”གྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་དང་གཞི་ཁྱོན་རང་བཞིན་གྱི་ཡང་བསྐྱར་དབུལ་ཕོངས་སུ་མི་འགྱུར་བར་ཁག་ཐེག་བྱས་ནས། ཞིང་སྡེའི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དང་ཞིང་སྡེའི་འཛུགས་སྐྲུན་གྱི་ཆུ་ཚད། ཞིང་སྡེའི་བཅོས་སྐྱོང་གི་ཆུ་ཚད་བཅས་མཐོ་རུ་གཏོང་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་ཞིང་ལས་ཀྱི་ཕན་འབྲས་དང་ཞིང་སྡེའི་གསོན་ཤུགས་འཕར་སྣོན། ཞིང་པའི་ཡོང་འབབ་འཕར་སྣོན་བཅས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྨང་གཞིའི་འདེགས་སྐྱོར་འདོན་སྤྲོད་བྱ་དགོས།
《བསམ་འཆར》ནང་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་འདོན་སྤྲོད་ལ་འགན་སྲུང་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་དགོས་པ་དང་། འབྲུ་སྣུམ་ལོ་ཏོག་གི་གཞི་ཁྱོན་ཆེ་བའི་ཐོན་ཚད་མཐོ་རུ་གཏོང་བའི་འགུལ་སྐྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཤིང་། ཕྱུགས་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རོགས་སྐྱོར་བྱེད་དགོས་ལ། རྨོ་ཞིང་སྲུང་སྐྱོབ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་དགོས། ཞིང་ལས་དང་ཚན་རྩལ་སྟོབས་ཤུགས་ཀྱི་མཐུན་སྦྱོར་འགག་སྒྲོལ་ལ་སྐུལ་འདེད་གཏོང་དགོས་པ་དང་། ཞིང་ལས་ཀྱི་གནོད་འགོག་གནོད་སེལ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་དགོས། འབྲུ་རིགས་ཐོན་སྐྱེད་ཀྱི་རྒྱབ་སྐྱོར་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ཉོ་ཚོང་དང་ཐོན་སྐྱེད་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། སྣ་མང་ཅན་གྱི་ཟས་རིགས་འདོན་སྤྲོད་མ་ལག་འཛུགས་དགོས་པ་དང་། འབྲུ་རིགས་དང་ཟས་རིགས་གྲོན་ཆུང་གི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།
《བསམ་འཆར》ལས་ནན་གྱིས་བསྟན་དོན། དབུལ་སྐྱོར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས་ན། གཞི་ཁྱོན་རང་བཞིན་གྱི་ཡང་བསྐྱར་དབུལ་ཕོངས་སུ་མི་འགྱུར་བའི་ཚད་མཐའ་བརྟན་པོར་སྲུང་དགོས་པ་དང་། ཞིང་སྡེའི་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བར་སྔོན་འགོག་བྱེད་པའི་རྐྱེན་སྲོལ་དང་། ཡོང་འབབ་དམའ་བའི་མི་གྲངས་དང་དར་རྒྱས་ཞན་པའི་ས་ཁུལ་ལ་རིམ་པ་དབྱེ་བ་དང་རིགས་དབྱེ་ནས་རོགས་སྐྱོར་བྱེད་པའི་ལམ་ལུགས་གཅིག་གྱུར་གྱིས་འཛུགས་པ་དང་། དབུལ་སྐྱོར་མཁྲེགས་གཏོར་ཐད་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་རྒྱུ་ནོར་གྲུབ་པའི་ཡུན་ཕན་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།
《བསམ་འཆར》ནང་རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་སྟོབས་ཆེར་གཏོང་རྒྱུར་ཤུགས་སྣོན་དགོས་ན། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། ཞིང་འབྲེལ་ཞིང་ཁྲིད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཞིང་པའི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
《བསམ་འཆར》ནང་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་དགོས་ན། རྫོང་ཁོངས་དང་མཁར་གྲོང་གི་འཆར་འགོད་ལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་ཞིང་སྡེ་རུ་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བ། ཞིང་སྡེའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱེད་དགོས་པ་ནན་གྱིས་བསྟན་ཡོད།
《བསམ་འཆར》ནང་གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུར་ཤུགས་སྣོན་དགོས་ན། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མུ་མཐུད་དུ་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ། དཔལ་ཡོན་ལྡན་པའི་གྲོང་གསེབ་ཀྱི་གོམས་སྲོལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་སྡེའི་སྲོལ་བརྗེ་ལུགས་སྒྱུར་ལ་སྐུལ་འདེད་གཏོང་བ། ཞིང་སྡེའི་བརྟན་བརླིང་དང་ལྷིང་འཇགས་ལ་སྲུང་སྐྱོབ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
《བསམ་འཆར》ནང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་དང་བཀོད་སྒྲིག་སྒྲིག་སྲོལ་དང་རྐྱེན་སྲོལ་ཇེ་ལེགས་སུ་གཏོང་རྒྱུར་ཤུགས་བསྣན་ནས། ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་བརྟན་བརླིང་དང་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་ཐོན་ཁུངས་དང་རྒྱུ་ནོར་དོ་དམ་བེད་སྤྱོད་ཡག་པོ་བྱེད་པ། གྲོང་གསེབ་དར་སྤེལ་གཏོང་བའི་དངུལ་གཏོང་དང་མ་དངུལ་བསྡུ་སྒྲིལ་རྐྱེན་སྲོལ་གསར་གཏོད་བྱེད་པ། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་འཕེལ་རྒྱས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ནགས་ལས་དང་ཞིང་ལས། མཁོ་ཚོང་མཉམ་ལས་ཁང་སོགས་བཅོས་སྒྱུར་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས། ཞིང་ལས་སྤོ་སྒྱུར་མི་གྲངས་གྲོང་མི་ཅན་དུ་འགྱུར་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།
ཤ་བོ་རིན་མཚོས་བསྒྱུར།