ཝུའུ་ཞའོ་ཅུན་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བཞུགས་མོལ་བྱས།
2025.02.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2པའི་ཚེས21ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བཞུགས་མོལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་ཟབ་མོ་བྱེད་པ་དང་། མངགས་བཅོལ་ཡིད་ལ་འཛིན་པ་དང་དྲིན་ཚོར་ཡར་བརྩོན་བྱེད་དགོས་ཤིང་། མགོ་ཁུངས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་གཞི་རིམ་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ། དམངས་ཚིས་རྒྱུན་མཐུད་ངང་ལེགས་བཅོས་བཅས་བྱས་ནས་བདེ་ཐང་དང་དེང་རབས། བདེ་སྐྱིད་དང་མཛེས་སྡུག་བཅས་ཀྱི་ཡུས་ཧྲུའུ་གསར་པ་ཞིག་བསྐྲུན་པར་འབད་འབུངས་བྱེད་དགོས་ཞེས་ནན་གྱིས་བསྟན།

རྫ་ཆུའི་འགྲམ་རྒྱུད་དུ་ཆགས་པའི་ཁྲ་འགུ་སྡེ་བར་སྡོད་ཁང་གསར་པ་བསྟར་ལ་བརྒྱུས་ཤིང་ཡར་ངོའི་ཟླ་ལྟར་འཕེལ་བའི་གྲོང་གསེབ་ཀྱི་རྣམ་པ་བཟང་པོ་ཞིག་ཤར་འདུག  ཝུའུ་ཞའོ་ཅུན་ཏང་གཤིས་སློབ་གསོ་རྟེན་གཞིར་སོང་སྟེ། འབྲོག་ཁྱིམ་གྱི་དཔེ་ཁང་དང་། སྡེ་མིའི་ལས་གཏོད། དམངས་ཕན་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་ཞིབ་ཏུ་བལྟས་ཤིང་། ཁྲ་འགུ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཁྱད་ལྡན་ཕྱུག་སྒྱུར་གྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་བྱེད་ཐབས་ལ་བསྟོད་བསྔགས་བྱས། སྡེ་མི་ཉི་འགྲུབ་ཀྱི་ཁྱིམ་དུ། ཝུའུ་ཞའོ་ཅུན་གྱིས་སེམས་ཁུར་ཆེན་པོས་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་དྲིས་ལ། ཁོ་ཚོར་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ནས་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་བསྒྱུར་དགོས་པའི་སྐུལ་མ་བཏང་། ཡུས་ཧྲུའུ་ཁུལ་སྐྱེ་ཁམས་ཁོར་ཡུག་སློབ་གསོའི་རྟེན་གཞི་དང་། ཡུལ་ཧྲུའུ་གྲོང་ཁྱེར་བློ་གྲོས་གྲོང་ཁྱེར་དོ་དམ་ཞབས་ཞུའི་ལྟེ་གནས་རུ། ཝུའུ་ཞའོ་ཅུན་གྱིས་རྒྱང་བསྟེན་བརྙན་རིས་བརྒྱུད་དེ་གནས་སོ་སོའི་གནས་ཚུལ་ལ་ཞིབ་བལྟ་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། སྐྱེ་ཁམས་ཡུལ་སྐོར། གྲོང་ཁྱེར་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས། མི་རིགས་མཐུན་སྒྲིལ་བཅས་ཀྱི་འཁོར་སྐྱོད་བཟང་པོ་མངོན་འགྱུར་ཡོང་བར་འབད་པ་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས་ཞེས་ནན་གྱིས་བསྟན། མཁའ་སྤྱོད་དགོན་པ་རུ། ཝུའུ་ཞའོ་ཅུན་གྱིས་དགོན་པའི་གྲྭ་པ་དང་དགོན་པར་སྡོད་པའི་ལས་བྱེད་པ། མི་དམངས་ཉེན་རྟོག་པ་བཅས་དང་བརྗེ་རེས་བྱས་ཤིང་། དགོན་པའི་དོ་དམ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་དང་། ཏང་གཅེས་དང་། རྒྱལ་གཅེས། ཆོས་གཅེས་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས། ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་འགྲིག་མཐུན་བཅས་ལ་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས།

བཞུགས་མོལ་ཚོགས་འདུའི་ཐོག་ཏུ། ཝུའུ་ཞའོ་ཅུན་གྱིས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་པ་དང་། ཡུས་ཧྲུའུ་ཁུལ་གྱི་ལས་དོན་ཁག་སོ་སོར་ཁས་ལེན་གང་ལེགས་བྱས། ཁོས་ཡུས་ཧྲུའུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སེམས་ཐོག་སའི་གནས་ཤིག་ཡིན་ལ། ཡུས་ཧྲུའུ་ཡོམ་འགོག་གནོད་སྐྱོབ་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་གཙོ་སྐྱོང་མཁན་བྱེད་དགོས་ལ། བོད་འབྲེལ་ས་ཁུལ་འཕེལ་རྒྱས་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་པའི་བཙན་རྫོང་ལྟ་བུ་བྱས་ནས་ཡུས་ཧྲུའུ་ཡི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་དགོས། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་ཐད་ཁག་ཁུར་དང་གྲུབ་འབྲས་ཡོད་པར་བྱས་ཏེ། རི་ཆུ་ནགས་ཞིང་དང་། མཚེའུ་རྩྭ་ས་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་འདོམས་སྒོས་སྐུལ་འདེད་གཏོང་བ་དང་། འགན་དབང་གསལ་བོ་དང་མཐུན་སྦྱོར་མཉམ་འགུལ་གྱི་བྱ་བའི་རྐྱེན་སྲོལ་བཙུགས་ནས་ཆུ་ཚད་མཐོ་བའི་སྒོ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་དགོས། ཁྱད་ལྡན་དགེ་མཚན་ཐོན་ལས་འཕེལ་རྒྱས་གཏོང་བའི་སྟེང་ཁག་ཁུར་དང་གྲུབ་འབྲས་ཡོད་པར་བྱས་ཏེ། ཕྱུགས་ལས་ཐོན་ལས་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆའི་ཚོད་ལྟ་ཁུལ་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་ནས་ཞིང་པར་འབྲེལ་འདྲིས་དང་ཞིང་པར་སྣེ་ཁྲིད་དེ་མང་ཚོགས་ཕྱུག་པོར་བསྒྱུར་བའི་ཐོན་ལས་འཕེལ་རྒྱས་གང་ལེགས་གཏོང་དགོས། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པའི་སྟེང་ཁག་ཁུར་དང་གྲུབ་འབྲས་ཡོད་པར་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ནུས་པ་དང་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་མཐོར་འདེགས་དང་རྒྱ་བསྐྱེད་དགོས་ལ། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་ཇེ་མང་དུ་གཏོང་བ་དང་། གཞི་གྲངས་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་ནས་སློབ་གསོའི་སྤུས་ཚད་ལེགས་སྒྱུར་དང་མཐོ་རུ་གཏོང་དགོས་ལ། སྨན་བཅོས་ཞབས་ཞུའི་ནུས་པ་རྒྱུན་མཐུད་ཇེ་མཐོར་བཏང་ནས་མཁར་གྲོང་གི་སྤུས་ཚད་དང་སྡོད་དམངས་ཀྱི་འཚོ་བའི་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པའི་སྟེང་ཁག་ཁུར་དང་གྲུབ་འབྲས་ཡོད་པར་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་དྲིན་བསམ་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པར་སློབ་སྟོན་སྣེ་ཁྲིད་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་ལྡན་པའི་ཚབ་མཚོན་རང་བཞིན་གྱི་གྲུབ་འབྲས་ཁག་ཅིག་གྲུབ་པར་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལས་དོན་ཐོག་མཐའ་བར་གསུམ་དུ་སྔོན་དུ་བསྐྱོད་པར་བྱེད་དགོས། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྟེང་ཁག་ཁུར་དང་གྲུབ་འབྲས་ཡོད་པར་བྱས་ཏེ། དཀའ་ཁག་ཆེ་བའི་ས་ཁུལ་དམིགས་བསལ་ཡིན་ཟེར་བའི་བཤད་ཚུལ་དང་དེར་ཁ་གསབ་དགོས་པའི་སེམས་ཁམས་མཐའ་གཅིག་ཏུ་སེལ་བ་དང་། ཕྱོགས་ཡོངས་ནས་ཏང་དང་དཔོན་རིགས་བཅོས་སྐྱོང་ནན་མོ་བྱེད་དགོས་ལ། གཞི་རིམ་ཏང་རྩ་འཛུགས་མུ་མཐུད་བརྟན་པོར་བཙུགས་ནས་སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་སྐྱེ་ཁམས་ཤིག་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་གྱི་མགོ་ཁྲིད་ཚེ་རིང་ཐར་དང་། པད་ཁོ། ཀྲུའུ་ཞང་ཧྥིན་བཅས་རྟོག་ཞིབ་ལ་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།