ཟླ2པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་རྙིང་ལོ་གསར་གྱི་སྔ་ནུབ་ཏུ་ངས་སྐུ་ཞབས་ཙུང་ཐུང་དང་བརྙན་ལམ་ནས་གྲོས་མོལ་བྱས་པ་དང་། ལོ་ཧྲིལ་པོའི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་འཆར་འགོད་དང་སྣེ་ཁྲིད་བྱས་པར་མ་ཟད། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་རབ་དང་རིམ་པའི་ཐད་མཐུན་སྦྱོར་ཤུགས་སྣོན་བྱས། རྒྱལ་ཁབ་གཉིས་ཀྱི་སྡེ་ཁག་སོ་སོས་ང་ཚོའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གཞིར་བཟུང་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད། དེའི་ཁྲོད་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བ་དང་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་བྱེད་པའི་བྱེད་སྒོ་སྤེལ་བ་ཚུད་ཡོད། ཀྲུང་གོ་དང་ཨུ་རུ་སི་ནི་ཁྱིམ་མཚེས་བཟང་པོ་དང་། སྡུག་བསྔལ་མཉམ་མྱོང་བྱེད་པ། ཕན་ཚུན་རྒྱབ་སྐྱོར། ཐུན་མོང་འཕེལ་རྒྱས་བཅས་ཀྱི་གྲོགས་པོ་ཡིན་པ་ལོ་རྒྱུས་དང་དོན་དངོས་ཀྱིས་ང་ཚོར་གསལ་པོར་བསྟན་ཡོད། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བར་ནང་སྐྱེས་སྒུལ་ཤུགས་སྟོབས་ཆེན་དང་ཐུན་མོང་མ་ཡིན་པའི་འཐབ་ཇུས་རིན་ཐང་ལྡན་པས་ཕྱོགས་གསུམ་པར་དམིགས་པ་མིན་ལ་ཕྱོགས་གསུམ་པའི་ཤུགས་རྐྱེན་ཡང་ཐེབས་མི་སྲིད། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་ཕྱི་འབྲེལ་སྲིད་ཇུས་ནི་ཡུན་རིང་ལ་དམིགས་པ་ཡིན། རྒྱལ་སྤྱིའི་གནས་ཚུལ་ལ་འཕོ་འགྱུར་ཇི་ལྟར་བྱུང་རུང་། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་ལྷིང་འཇགས་ངང་མདུན་སྐྱོད་བྱས་ཏེ་རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་ལ་རོགས་རམ་བྱེད་པ་དང་རྒྱལ་སྤྱིའི་འབྲེལ་བར་བརྟན་བརླིང་རང་བཞིན་དང་དྲང་ཕྱོགས་ཀྱི་ནུས་ཤུགས་སྣོན་ཐུབ་ངེས་ཡིན།
ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བའི་ཐད་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ལོ་གསར་པའི་ནང་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བ་དང་། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བ་བཅས་ལ་མཉམ་དུ་དྲན་གསོ་བྱེད་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད། ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་ཨུ་རུ་སི་ཕྱོགས་ཀྱིས་ཡུན་རིང་ལ་དམིགས་ནས་སྤེལ་བའི་འཐབ་ཇུས་ཀྱི་གདམ་གསེས་ཤིག་ཡིན་པ་ལས་གནས་སྐབས་ཀྱི་ཐབས་ཇུས་ཤིག་གཏན་ནས་མིན་པ་དང་། དུས་སྐབས་ཤིག་གི་དོན་དག་གཅིག་གིས་ཤུགས་རྐྱེན་ཐེབས་མི་སྲིད་ལ། ཕྱི་ཕྱོགས་ཀྱི་རྒྱུ་རྐྱེན་གང་རུང་གི་ཤུགས་རྐྱེན་ཡང་ཐེབས་མི་སྲིད། མིག་སྔའི་གནས་བབ་འོག་ཨུ་རུ་སི་དང་ཀྲུང་གོས་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བའི་དགོངས་དོན་དང་མཐུན་པར་མ་ཟད། ཨུ་རུ་སི་དང་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་བརྟན་ལྷིང་གི་ནུས་པ་འདོན་སྤེལ་བྱེད་ཐུབ་རྒྱུ་རེད།
ཕུའུ་ཅིན་གྱིས་ཨུ་རུ་སི་དང་ཨ་མེ་རི་ཁའི་བར་འབྲེལ་གཏུག་བྱས་པའི་གནས་ཚུལ་གསར་བ་དང་ཝུའུ་ཁི་ལན་གྱི་ཉམས་ཉེན་གནད་དོན་ཐད་ཨུ་རུ་སི་ཕྱོགས་ཀྱི་རྩ་དོན་ལངས་ཕྱོགས་ངོ་སྤྲོད་བྱས་ནས་བསྟན་དོན། ཨུ་རུ་སི་ཕྱོགས་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་འབྱུང་རྩ་མེད་པར་བཟོ་རྒྱུར་འབད་བརྩོན་བྱས་ནས་རྒྱུན་མཐུད་དང་ཡུན་རིང་གི་ཞི་བདེའི་ཇུས་གཞི་འཇོག་རྒྱུ་ཡིན་ཟེར།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱི་ཉམས་ཉེན་ཁྱོན་ཡོངས་ནས་ཆེ་རུ་འགྲོ་དུས་ཐོག་མར་ངས་ཉམས་ཉེན་ཐག་གཅོད་བྱེད་པའི“བྱེད་དགོས་པ་བཞི”སོགས་གཞི་རྩའི་འདོད་ཚུལ་བཏོན་ཡོད། ན་ནིང་གི་ཟླ9པར། ཀྲུང་གོས་པ་ཞི་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གཅིག་དང་མཉམ་དུ་ཝུའུ་ཁི་ལན་ཉམས་ཉེན་གྱི“ཞི་བདེའི་གྲོགས་པོ”ཚན་ཆུང་བཙུགས་ནས་ཉམས་ཉེན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཁོར་ཡུག་དང་ཆ་རྐྱེན་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཨུ་རུ་སི་དང་འབྲེལ་ཡོད་ཕྱོགས་སོ་སོས་ཉམས་ཉེན་སེལ་ཆེད་འབད་བརྩོན་ཧུར་ཐག་བྱས་པར་དགའ་སྤྲོ་སྐྱེས་ཡོད་ཅེས་གསུངས།
ཕྱོགས་གཉིས་ཀ་མུ་མཐུད་དུ་བྱེད་ཐབས་སྣ་ཚོགས་བརྒྱུད་ནས་འབྲེལ་གཏུག་མཐུན་སྦྱོར་རྒྱུན་འཁྱོངས་བྱ་རྒྱུར་གྲོས་མཐུན་བྱུང་།
ཤ་བོ་གསེར་མཚོས་བསྒྱུར།