ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་རྒྱས་འཛོམས་སློབ་སྦྱོང་གྲོས་ཚོགས་བསྡུས།
2025.02.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2པའི་ཚེས24ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་རྒྱས་འཛོམས་སློབ་སྦྱོང་གྲོས་ཚོགས་བསྡུས་ནས། གསར་དུ་བཟོ་བཅོས་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག་ཆེད་དུ་སློབ་སྦྱོང་དང་ལག་བསྟར་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས།

ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ། རིམ་པ་དང་པོའི་སྐོར་ཞིབ་པ་ལོ་ལིས་ཕིང་གིས་ཆེད་དོན་ཟུར་ཁྲིད་བྱས། ཁོས་སྐོར་ཞིབ་བྱ་བའི་ཁ་ཕྱོགས་དང་ལས་འགན་སོགས་ཕྱོགས་མང་པོའི་ཐད་ནས་འགྲེལ་ཀློག་གཏིང་ཟབ་དང་ཆ་ཚང་བ་བྱས་པ་དང་། གཞུང་ལུགས་རང་བཞིན་དང་མཛུབ་ཁྲིད་རང་བཞིན། ཁ་གཏད་རང་བཞིན་ཆེན་པོ་ལྡན་ལ། ཚང་མས་གསར་དུ་བཟོ་བཅོས་བྱས་པའི་སྲོལ་ཡིག་གི་གོ་དོན་ལ་རྒྱུས་ལོན་སྔར་ལས་གསལ་བོ་བྱེད་ཆེད་སྐུལ་མ་བཏང་བ་དང་བློ་སྐྱེད་ཀྱི་ནུས་པ་བཏོན།

ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐོར་ཞིབ་བྱ་བར་ཧ་ཅང་མཐོང་ཆེན་གནང་བ་དང་། དངོས་སུ་འཆར་འགོད་དང་དངོས་སུ་བཀོད་སྒྲིག་བྱས་ལ། ཐེངས་མང་པོར་སྐོར་ཞིབ་བྱ་བའི་ཐད་བླང་བྱ་གལ་ཆེན་བཏོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་རྒྱུ་གཉིས་ཟུང་འབྲེལ་བྱེད་པ་དང་། སྲོལ་ཡིག་རྒྱུན་མ་ཆད་པར་སློབ་སྦྱོང་དང་དེར་རྒྱུས་ལོན་ཟབ་མོ་བྱས་ནས། གཏན་ཁེལ་སྣ་ཚོགས་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས། ཆབ་སྲིད་སྐོར་ཞིབ་ཀྱི་གོ་དོན་ཟབ་མོར་གོ་བ་ཡང་དག་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་དེ་སྐོར་ཞིབ་ཀྱི་གཙོ་གནད་དུ་བརྩི་བ། དབང་ཆ་དང་འགན་འཁྲི་དང་། མགོ་ཁྲིད་དང་པོ་དང་མགོ་ཁྲིད་ཚན་ཁག མང་ཚོགས་ཀྱིས་དོ་སྣང་བྱེད་པའི་གནད་དོན་བཅས་གཙིགས་སུ་བཟུང་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གང་ལ་ཐོན་ན། ཆབ་སྲིད་ཀྱི་ལྟ་སྐུལ་དེར་ཐོན་པར་བྱེད་དགོས། ཤུགས་དང་ལྡན་པའི་ཆབ་སྲིད་སྐོར་ཞིབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་པ་དང་། མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་རྒྱུ་གཙིགས་འཛིན་བྱེད་པ། དམངས་ཚིས་ལེགས་སྒྱུར་དང་མི་རིགས་མཐུན་སྒྲིལ། ཏང་དང་དཔོན་པོར་བཅོས་སྐྱོང་བྱེད་པ་སོགས་ཀྱི་ལས་འགན་གཙོ་བོར་དམ་དུ་དམིགས་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་པ་དང་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་སོགས་དང་ཟུང་འབྲེལ་དམ་པོ་བྱས་ནས། འགན་སྲུང་ལག་བསྟར་ལ་ལྟ་ཞིབ་བྱེད་པ་དང་། འཐུས་ཚང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་ནུས་འདོན་སྤེལ་བྱེད་དགོས། སྐོར་ཞིབ་ལེགས་བཅོས་དང་གྲུབ་འབྲས་བཀོལ་སྤྱོད་བྱེད་རྒྱུ་དམ་འཛིན་བྱེད་པ་དང་། སྐོར་ཞིབ་དང་སྒྲིག་ལམ། ལྟ་ཞིབ། མངག་གཏོང་བཅའ་སྡོད། རྩིས་བཤེར་སོགས་རིགས་མི་འདྲ་བའི་ལྟ་སྐུལ་ཁྲོད་རྙེད་པའི་གནད་དོན་མཉམ་དུ་དག་ཐེར་ལེགས་བཅོས་བྱེད་པ། མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་པ་དང་སྲིད་ཇུས་ཀྱི་གཏན་ཁེལ་དང་འགལ་བའི་འབུར་ཐོན་གནད་དོན་མྱུར་དུ་དག་ཐེར་ལེགས་བཅོས་བྱེད་པ། གནད་དོན་གཅིག་ལ་བཅོས་སྐྱོང་བྱེད་པ་དང་རིགས་གཅིག་པའི་གནད་དོན་ཐག་གཅོད་བྱས་ཏེ། ཕྱོགས་གཅིག་གི་འགག་སྒྲོལ་གྱིས་ཕྱོགས་ཡོངས་ཀྱི་མཐོར་འདེགས་ལ་སྣེ་ཁྲིད་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུའི་སྐོར་ཞིབ་བྱ་བའི་གཙོ་གཞིའི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། མགོ་ཁྲིད་དང་པོས་རང་འགུལ་གྱིས་བཀོད་འདོམས་བྱེད་པ། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཁག་གིས་རིམ་པ་མཉམ་པའི་ཏང་ཨུ་ལ་རོགས་བྱས་ནས་བྱ་བ་སྤེལ་བ་དང་། སྐོར་ཞིབ་བྱེད་ཡུལ་གྱི་ས་ཁུལ་དང་སྡེ་ཁག་གིས་རང་རྟོགས་སྒོས་ལྟ་སྐུལ་དང་ལེན་བྱེད་པ་དང་དྲི་བ་གཅིག་ལ་མཉམ་དུ་ལན་བཏབ་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཆབ་སྲིད་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཀྱི་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།