ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་བྱ་བའི་གྲོས་ཚོགས་བསྡུས།
2025.02.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2པའི་ཚེས24ཉིན། ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་བྱ་བའི་གྲོས་ཚོགས་བསྡུས་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་རྟོག་ཞིབ་ཐད་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་གཏིང་ཟབ་བྱས་ལ། མིག་སྔའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཡིད་ཆེས་སྔར་ལས་བརྟན་པོ་དང་དངོས་སྒྲུབ་བརྩོན་ལེན་བྱས་ཏེ། སྲིད་ཇུས་མྱུར་དུ་དངོས་འབེབས་བྱེད་པ་དང་ལས་གཞིར་མྱུར་དུ་སྐུལ་འདེད་གཏོང་བ། བྱེད་ཐབས་ལ་མྱུར་དུ་ཕན་འབྲས་ཐོབ་པར་ཤུགས་བསྣན་ནས། ནུས་ཤུགས་ཡོད་དགུས་དུས་ཚིགས་དང་པོའི་རྒྱལ་ཁ་བརྩོན་ལེན་བྱས་ཏེ་ལོ་ཧྲིལ་བོའི་དམིགས་འབེན་མངོན་འགྱུར་བྱེད་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པའི་སྐུལ་སློང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ལའོ་ཏུང་ཁྲོན་གྱིས་དུས་ཚིགས་དང་པོའི་རྒྱལ་ཁ་མངོན་འགྱུར་བྱེད་པ་ནི་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་པའི་རྨང་གཞི་དང་། ལྷག་ཏུ་ཡིད་ཆེས་མཐོར་འདེགས་དང་། སྔོན་དཔག་བརྟན་པོར་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཞིག་ཡིན་པས། ཕྱོགས་ཡོངས་དང་ལུགས་མཐུན། བབ་བརླིང་བཅས་ཀྱི་སྒོ་ནས་མིག་སྔའི་དཔལ་འབྱོར་གནས་བབ་ལ་བལྟ་བ་དང་། སྟོབས་ཤུགས་གཅིག་སྡུད་དང་ཐོན་ཁུངས་གཅིག་འདུས། སྲིད་ཇུས་འདུས་གྲུབ་བྱས་པར་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་བ་དང་། སྒྲིག་གཞི་ལེགས་ཕྱོགས་སུ་བསྒྱུར་བ། འཕེལ་རྒྱས་ཀྱི་གནས་བབ་ལེགས་པོ་སྲུང་འཛིན་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་དགུས་བཟོ་ལས་བརྟན་པོར་འཕར་བའི་ལས་དོན་ཡག་པོར་སྒྲུབ་སྟེ། གཙོ་གནད་ས་ཁུལ་དང་གཙོ་གནས་ལས་རིགས། གཙོ་གནད་ཁེ་ལས་བཅས་ཀྱི་ལྟ་ཞིབ་བཀོད་གཏོང་ཤུགས་དྲག་ཏུ་གཏོང་བ་དང་། ཁེ་ལས་སུ་ཞུགས་པའི་ཞབས་ཞུ་དང་རྒྱུ་རྐྱེན་འགན་སྲུང་ཏན་ཏིག་སྒོས་ལེགས་པོར་སྒྲུབ་ནས་བཟོ་ལས་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་སྲ་བརྟན་དུ་གཏོང་དགོས། ནུས་ཤུགས་ཡོད་དགུས་ཞབས་ཞུ་རྣམ་པའི་ལས་རིགས་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བར་བྱེད་པའི་ལས་དོན་ཡག་པོར་སྒྲུབ་སྟེ། དངུལ་རྩའི་འཕར་སྣོན་སྦས་ཤུགས་སྔོག་འདོན་ཟབ་མོ་དང་ཁེ་སྤོགས་རང་བཞིན་གྱི་ཞབས་ཞུའི་ལས་རིགས་སྤུས་འདེགས་རྒྱ་སྐྱེད་གཏོང་བར་སྐུལ་འདེད་གཏོང་བ། ས་ཁང་ཚོང་ར་རྒྱུན་མཐུད་ཀྱིས་འཕེལ་བ་དང་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་མྱུར་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་དགུས་འཛུགས་སྐྲུན་ལས་རིགས་བརྟན་པོར་འཕར་སྣོན་འབྱུང་བར་བྱེད་པའི་ལས་དོན་ཡག་པོར་སྒྲུབ་སྟེ། འཛུགས་སྐྲུན་ལས་རིགས་ཀྱི་འདོན་སྤྲོད་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཁེ་ལས་སྔོག་འདོན་དང་སྤུས་ནུས་འཕར་སྣོན་ཤུགས་ཚད་ཆེ་རུ་གཏོང་དགོས་ལ། ལས་གཞིའི་འཛུགས་སྐྲུན་ནུས་ཡུན་ཇེ་མཐོར་གཏོང་དགོས། ནུས་ཤུགས་ཡོད་དགུས་ཞིང་ཕྱུགས་ལས་རིགས་ཐོན་འབོར་བརྟན་པོ་ཡོང་བར་བྱེད་པའི་ལས་དོན་ཡག་པོར་སྒྲུབ་སྟེ། ཕྱུགས་ལས་ཐོན་སྐྱེད་ཀྱི་རྨང་གཞིའི་ཐོན་ནུས་བརྟན་པོར་གཏོང་བ་དང་། དཔྱིད་འདེབས་གྲ་སྒྲིག་ལས་དོན་དང་སྒྲིག་ཆས་ཞིང་ལས་ཐོན་སྐྱེད་དམ་འཛིན་ནན་མོ་བྱས་ཏེ་ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་ཀྱི་མགོ་བཟང་པོ་ཞིག་རྩོམ་དགོས། ནུས་ཤུགས་ཡོད་དགུས་དངུལ་གཏོང་རྒྱ་སྐྱེད་ལས་དོན་ཡག་པོར་སྒྲུབ་སྟེ། འཛད་སྤྱོད་ནུས་སྤེལ་ཆེད་དོན་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། འཛད་སྤྱོད་དངོས་པོ་རྙིང་ཚབ་གསར་བརྗེའི་སྲིད་ཇུས་ཀྱི་ནུས་ཚད་དང་ཁྱབ་རྒྱ་ཆེ་རུ་བཏང་ནས། འཛད་སྤྱོད་རིམ་གྱིས་སྤུས་འདེགས་ཁྱབ་སྤེལ་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་དགུས་ཚོང་འགུག་དངུལ་འདྲེན་གྱི་ལས་དོན་ཡག་པོར་སྒྲུབ་སྟེ། ཚོང་འགུག་གནད་འཁེལ་དང་ཚོང་གིས་ཚོང་འགུག་པ། ཕྲེང་འབྲེལ་ཚོང་འགུག་བཅས་འབུར་ཐོན་ཡོང་བར་བྱས་ནས། ཤུགས་ཆེན་པོས་ཚོང་འགུག་དམ་འཛིན་དང་ལས་གཞིའི་ནུས་ཤུགས་གཙོ་བོ་འདོན་པ། ཐོན་ལས་དར་སྤེལ་ཤུགས་ཆེན་གཏོང་བའི་རྣམ་པ་ཞིག་མྱུར་དུ་གྲུབ་པར་བྱེད་དགོས། ནུས་ཤུགས་ཡོད་དགུས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཡག་པོར་སྒྲུབ་སྟེ། ཏན་ཏན་ཏིག་ཏིག་སྒོས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་དངོས་འབེབས་བྱེད་པ་དང་། ཁེ་ལས་ཀྱི་དོན་དངོས་དཀའ་ཁག་ཐག་གཅོད་རོགས་བྱེད་པ། ཁྲིམས་སྐྱོང་རྣམ་པའི་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སྒྱུར་བྱས་ནས། འབད་པ་ཆེན་པོས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་བ་བསྐྲུན་དགོས་ཞེས་བསྟན།

ལའོ་ཏུང་ཁྲོན་གྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བསམ་བཀོད་གཅིག་གི་བསམ་བློ་ཇེ་བརྟན་དུ་བཏང་སྟེ། དངོས་སྒྲུབ་གཙོར་འཛིན་པ་རྒྱུན་འཁྱོངས་དང་། དཀའ་ངལ་གདོང་གིས་བསུ་བ་དང་འབད་འབུངས་ཡར་བརྩོན་བྱས་ནས། དུས་ནམ་ཡང་སེམས་ཁྲལ་བྱེད་པའི་འགན་འཁྲིའི་བསམ་པ་དེ་དོན་དག་གང་ཞིག་ཡིན་རུང་གདེང་ཚོད་ཡོད་པའི་འགུལ་སྐྱོད་ཀྱི་ནུས་པར་བསྒྱུར་དགོས། བཀོད་གཏོང་གནད་དུ་འཁེལ་ཚད་ཇེ་མཐོར་བཏང་སྟེ། མདུན་ལྟའི་དབྱེ་ཞིབ་དང་རྒྱུན་རྣམ་ལྟ་ཞིབ། ཡུལ་རྣམ་བརྡར་གཅོད། གནད་འཁེལ་ཇུས་བསྟར་བཅས་ལ་ཤུགས་བསྣན་ནས། དཔལ་འབྱོར་འཁོར་རྒྱུག་གི་བཀག་རྒྱ་སེལ་དགོས། སྲིད་ཇུས་ཀྱི་ནུས་ཡུན་དང་ཕན་འབྲས་ཤུགས་དྲག་ཏུ་བཏང་སྟེ། གསོག་འབོར་སྲིད་ཇུས་དང་འཕར་སྣོན་སྲིད་ཇུས་ཀྱི་མཉམ་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ནས་སྲིད་ཇུས་ཀྱི་ཕན་ནུས་ཆེས་ཆེ་བའི་སྒོ་ནས་ཕྱིར་འདོན་དགོས། བྱ་བ་ལག་བསྟར་བྱེད་ནུས་ཇེ་ཆེར་གཏོང་བ་དང་། ལྟ་སྐུལ་རོགས་སྒྲུབ་ནུས་པ་ཆེ་རུ་བཏང་ནས། ལས་འགན་ཁག་སོ་སོ་དོན་ཐོག་ཏུ་འཁྱོལ་བ་དང་མཇུག་མཐའི་གྲུབ་འབྲས་ལོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཀྲང་ཅིན་ཀང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཚེ་རིང་ཐར་དང་། ལིའུ་ཁྲའོ་གཉིས་ཀྱིས་ཁག་བགོས་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་བསྡོམས་རྩིས་ཅུའུ། ཟི་ལིང་གྲོང་ཁྱེར། མཚོ་ནུབ་ཁུལ་སྲིད་གཞུང་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་སོ་སོར་སྙན་ཞུ་གཏམ་བཤད་སྤེལ།

གྲོས་ཚོགས་བརྙན་རིས་ཀྱི་རྣམ་པས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ལ། གྲོང་ཁྱེར་དང་ཁུལ། རྫོང་དང་ཆུའུ་རུ་ཡན་ལག་ཚོགས་ར་བཙུགས།

རིག་འཛིན་སྒྲོལ་མས་བསྒྱུར།