ཟླ2པའི་ཚེས25ཉིན། རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་དང་ནགས་ཚལ་རྩྭ་སའི་མེ་འགོག་མེ་གསོད་བརྙན་རིས་གྲོས་ཚོགས་གྲོལ་རྗེས། རང་ཞིང་གིས་མྱུར་དུ་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ནགས་ཚལ་རྩྭ་སའི་མེ་འགོག་མེ་གསོད་ཀྱི་བརྙན་རིས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་ཀྱི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལྟར། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ནགས་ཚལ་རྩྭ་སའི་མེ་འགོག་མེ་གསོད་བྱ་བ་བཀོད་སྒྲིག་བྱས། ཧྲིན་ཀྲང་། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལའོ་ཏུང་ཁྲོན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ལའོ་ཏུང་ཁྲོན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་དང་ནགས་ཚལ་རྩྭ་སའི་མེ་འགོག་མེ་གསོད་བྱ་བ་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་ལ། རྒྱལ་དོན་གྱི་ཆེ་ཕྱོགས་ཡིན། མིག་སྔར། ཞིང་ཆེན་གོང་འོག་ཡོངས་ཀྱིས་དུས་ཚིགས་དང་པོར་གྲུབ་འབྲས་བཟང་བོ་ཞིག་ལེན་པར་འབད་འཐབ་བྱེད་བཞིན་པའི་སྒང་ཡིན་པ་དང་། ཁེ་ལས་ཀྱི་ལས་ཞུགས་ཐོན་སྐྱེད་སླར་གསོ་བྱེད་པའི་གནད་འགག་དུས་སྐབས་དང་སློབ་མགོ་ཚུགས་པའི་དུས་སྐབས། ནགས་ཚལ་རྩྭ་སའི་མེ་འགོག་དུས་སྐབས་གལ་ཆེན་ཡིན་ལ། བདེ་འཇགས་ཐོན་སྐྱེད་དང་ནགས་ཚལ་རྩྭ་སའི་མེ་འགོག་མེ་གསོད་ཀྱི་གནས་བབ་ཧ་ཅང་ཛ་དྲག་ཡིན་ལ་རྙོག་འཛིང་ཆེ་བས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་མཐོར་གཏོང་བ་དང་། མིག་སྔའི་བདེ་འཇགས་ཐོན་སྐྱེད་དང་ནགས་ཚལ་རྩྭ་སའི་མེ་འགོག་མེ་གསོད་གནས་བབ་ལ་རྒྱུས་ལོན་གསལ་བོ་བྱེད་པ། བྱ་བའི་འགན་འཁྲིའི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་བ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། ཚད་གཞི་སྔར་ལས་མཐོན་པོ་དང་རེ་བ་སྔར་ལས་ནན་མོ། བྱེད་ཐབས་སྔར་ལས་བཟང་བོས་འགོག་ཟོན་བྱེད་ཐབས་ལག་བསྟར་བཟང་བོ་བྱེད་པ། དམར་མཚམས་དང་ཚད་མཐའ་བརྟན་སྲུང་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བདེ་འཇགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་བསྡུ་བའི་ཐད་སྣང་ཚུལ་བཟང་བོ་བསྐྲུན་དགོས།
ལའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་མཁྲེགས་གཏོར་གྱི་ལོ་གསུམ་འགུལ་སྐྱོད་ནང་ཟབ་ཞུགས་བྱེད་པ་དང་། གཞུང་ལམ་འགྲིམ་འགྲུལ་དང་བཟོ་སྐྲུན་འཛུགས་སྐྲུན། གཏེར་རི། ཉེན་ཆེའི་རྫས་འགྱུར་ཐོན་རྫས། མེ་འགོག གྲོང་རྡལ་གྱི་འབར་རླངས་སོགས་གཙོ་གནད་ཁྱབ་ཁོངས་དང་གནད་འགག་ཡུལ་གནས་གཙོར་འཛིན་པ། ཡུལ་གནས་ཆུང་བ་དགུ་དང་ལས་རྣམ་མང་བའི་ཐོན་སྐྱེད་ཚོང་གཉེར་ཡུལ་གནས་སོགས་མི་སྣ་འདུ་ཚད་མང་ས་གཙིགས་སུ་བཟུང་ནས། ཉེན་ཁར་གྲལ་བཤེར་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ་དང་། བདེ་འཇགས་དོན་རྐྱེན་ཆེན་པོ་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་དང་བཀག་འགོག་བྱེད་དགོས། ནགས་ཚལ་རྩྭ་སའི་མེ་འགོག་མེ་གསོད་བྱ་བ་དམ་འཛིན་བྱེད་པ་དང་། ནགས་དཔོན་ལམ་ལུགས་ཀྱི་དཔྱད་ཞིབ་དེ་བཀོད་འདོམས་སུ་བྱེད་པ་དང་དྲ་མིག་ཅན་གྱི་དོ་དམ་དེ་བྱེད་ཐབས་གཙོ་བོར་བྱེད་པ། མི་འགོག་དང་དངོས་འགོག རྩལ་འགོག རིག་འགོག་བཅས་གཅིག་འདོམས་ཀྱིས་དམ་འཛིན་བྱེད་པ། མེ་སྐྱོན་རི་འདབས་དང་ནགས་ཕྱི་རུ་བཀག་འགོག་བྱས་ནས། ནགས་ཚལ་རྩྭ་སའི་མེ་འགོག་མེ་གསོད་ཀྱི་འཛིང་རགས་བརྟན་པོ་བསྐྲུན་དགོས། ཉེན་ཁ་གྲལ་བཤེར་དང་ཐག་གཅོད་བྱེད་པའི་བྱ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། ཉེན་ཁ་མགོ་ཁུངས་ནས་སྔོན་འགོག་བྱེད་པར་ཤུགས་སྣོན་པ། སྤྱི་ཚོགས་ངོས་ཀྱི་སྤྱིའི་འགོག་སྡོམ་ལ་ཤུགས་སྣོན་པ། སྤྱི་ཚོགས་བཅོས་སྐྱོང་གི་གཞི་རིམ་རྨང་གཞི་ཇེ་བརྟན་དུ་གཏོང་བ། བདེ་འཇགས་འགོག་ཟོན་གྱི་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་བཏང་ནས། སྤྱི་ཚོགས་ཡོངས་ཀྱི་བརྟན་འཇགས་འཆམ་མཐུན་ལ་སྲུང་སྐྱོབ་བྱེད་དགོས།
ལའོ་ཏུང་ཁྲོན་གྱིས་ལག་བསྟར་དམ་འཛིན་མི་བྱེད་པ་ནི་ཉེན་ཁ་ཆེན་པོ་ཡིན་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། བདེ་འཇགས་བརྟན་འཇགས་ནམ་ཡང་གཙིགས་སུ་འཛིན་པ། འཐབ་རྩོད་བྱེད་ཕོད་པ་དང་བདེན་འཛིན་དངོས་སྒྲུབ་བྱེད་པ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་རེ་བ་དེ་དངོས་སུ་བྱ་བའི་ཁྲོད་ལག་བསྟར་བྱེད་པ། གཞི་རིམ་དང་ཉེན་ཁ་ཡོད་ས་དམ་འཛིན་བྱེད་པ། ཉམས་ཞན་ས་ཁུལ་དང་ཉམས་ཞན་གནད་དོན། ཞམས་ཞན་དུས་རིམ་ལ་ལྟ་སྐུལ་དོ་དམ་དང་སྐོར་ཞིབ་བྱེད་པ། འཕྲལ་བསྟུན་ལས་སྲུང་དང་འཕྲལ་བསྟུན་འཁྲབ་སྦྱོང་ལ་སྔར་ལས་ཤུགས་སྣོན་པ། རྒྱབ་སྐྱོར་སྣེ་ཁྲིད་དང་སློབ་གསོ་དྲིལ་སྒྲོག་ལ་ཤུགས་བསྣན་ནས། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་དགོས། ཀྲང་ཅིན་ཀང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཚེ་རིང་ཐར་དང་ལིའུ་ཁྲའོ། ལིས་ཧུང་ཡ་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་འཚོགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས།
རིན་ཆེན་མཚོས་བསྒྱུར།