ཟླ2པའི་ཚེས25ཉིན། ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་སྐོར་ཞིབ་ཐེངས་བདུན་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་མེ་ཕེན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀྲའོ་ཡུའེ་ཞ་ཡིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་དྲུག་པའི་གནས་ཚུལ་ཡར་ཞུ་ལ་ཉན་སྐབས་སྤེལ་བའི་གཏམ་བཤད་ཀྱི་ནང་དོན་བརྒྱུད་སྒྲོག་བྱས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དྲིལ་སྒྲོག་བསམ་བློ་རིག་གནས་དང་སློབ་གསོ། ཆུ་བེད། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བར་གོ་བ་ཡང་དག་ལེན་པ། མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་གཙོ་བོ་གཙིགས་སུ་འཛིན་པ། འགན་ནུས་འགན་འཁྲི་ལ་གཙིགས་འཛིན་བྱེད་པ། མང་ཚོགས་ཀྱིས་དོ་སྣང་བྱེད་ཚད་མཐོ་བའི་འབུར་ཐོན་གནད་དོན་གཙིགས་སུ་འཛིན་པ། གནད་འཁེལ་ནུས་ལྡན་སྒོས་གནད་དོན་འཚོལ་བ་དང་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་ནས། སྐོར་ཞིབ་ཀྱི་ཆབ་སྲིད་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ལག་བསྟར་ཐད་རྩ་འཛུགས་ཞིབ་མོ་བྱེད་པ་དང་། གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་ཤུགས་བསྣན་ནས། ཆབ་སྲིད་སྟེང་གནད་དོན་རྙེད་པ་དང་གནད་དོན་ལ་དབྱེ་ཞིབ་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས། གཅིག་འདོམས་མཉམ་འབྲེལ་གཏིང་ཟབ་བྱེད་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དང་རྩ་འཛུགས། རྩིས་བཤེར་སོགས་ལྟ་སྐུལ་གཞན་པ་དང་ཟུང་འབྲེལ་མཉམ་བསྲེས་བྱེད་པར་ཤུགས་བསྣན་ནས། མ་ལག་རང་བཞིན་དང་ཁྱབ་ཁོངས་རང་བཞིན་གྱི་གནད་དོན་རྙེད་པར་ཤུགས་འདོན་དགོས། སྒྲིག་ལམ་སྤྱོད་ཚུལ་དམ་པར་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཀྱི་སྣང་བརྙན་བཟང་བོར་སྲུང་སྐྱོབ་བྱས་ནས། ཤུགས་ལྡན་ཕན་ཡོད་སྒོས་སྐོར་ཞིབ་ལས་འགན་ཡོངས་འགྲུབ་བྱེད་དགོས།
ཐེངས་འདིའི་སྐོར་ཞིབ་དེ་ཟླ3པའི་ཟླ་སྟོད་ནས་ཟླ5པའི་ཟླ་སྟོད་བར་སྤེལ་རྒྱུ་ཡིན་ལ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཆུ་བེད་ཐིན། མཚོ་སྔོན་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་སྒོ་འབྱེད་སློབ་ཆེན་བཅས་ལ་རྒྱུན་སྲོལ་སྐོར་ཞིབ་བྱེད་རྒྱུ་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་སློབ་གསོ་སྲིད་འཛིན་སྡེ་ཁག་དང་སློབ་གྲྭ་གཙོ་བོ་སྐོར་ཞིག་ལ་མཉམ་འབྲེལ་སྐོར་ཞིབ་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།