ལིས་ཆང་གིས་ཀྲུང་གོ་གློག་འཕྲིན་དང་ཀྲུང་གོ་ལེན་ཐུང་། ཀྲུང་གོ་དབྱི་ཏུང་བཅས་ཀྱི་ཁོངས་གཏོགས་ཁེ་ལས་སུ་རྟོག་ཞིབ་མཛད།
2025.02.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཀྲུང་གོ་གློག་འཕྲིན་དང་ཀྲུང་གོ་ལེན་ཐུང་། ཀྲུང་གོ་དབྱི་ཏུང་བཅས་ཀྱི་ཁོངས་གཏོགས་ཁེ་ལས་སུ་ཕེབས་ནས་ཚན་རྩལ་གསར་གཏོད་བྱ་བར་རྟོག་ཞིབ་མཛད།  འདི་ནི་ལིས་ཆང་གིས་ཀྲུང་གོ་གློག་འཕྲིན་ཐེན་དབྱི་སྤྲིན་ཚན་རྩལ་ཚད་ཡོད་ཀུང་ཟི་རུ་ཐེན་དབྱི་སྤྲིན་འཛུགས་སྐྲུན་དང་ཚད་རྡུལ་འཕྲིན་གཏོང་འཕེལ་རྒྱས་སོགས་ཀྱི་ངོ་སྤྲོད་ལ་གསན་པའི་རྣམ་པ་རེད། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཟླ2པའི་ཚེས25ཉིན་ཀྲུང་གོ་གློག་འཕྲིན་དང་ཀྲུང་གོ་ལེན་ཐུང་། ཀྲུང་གོ་དབྱི་ཏུང་བཅས་ཀྱི་ཁོངས་གཏོགས་ཁེ་ལས་སུ་ཕེབས་ནས་ཚན་རྩལ་གསར་གཏོད་བྱ་བར་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱས་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། མདུན་སྐྱོད་གསར་དར་ཁྱབ་ཁོངས་ལ་དམིགས་ནས་ཚན་རྩལ་གསར་གཏོད་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། མཐོ་གནོན་བཙན་ས་མྱུར་འཛིན་དང་རང་འགུལ་དབང་ཆ་དམ་འཛིན་བྱེད་པ། ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་གཏོད་ལ་སྐུལ་ཁྲིད་བྱས་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྔར་ལས་སྐུལ་སྤེལ་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ལིས་ཆང་ཐོག་མར་ཀྲུང་གོ་གློག་འཕྲིན་ཐེན་དབྱི་སྤྲིན་ཚན་རྩལ་ཚད་ཡོད་ཀུང་ཟིར་ཕེབས་ནས། ཐེན་དབྱི་སྤྲིན་འཛུགས་སྐྲུན་དང་ཚད་རྡུལ་འཕྲིན་གཏོང་འཕེལ་རྒྱས་སོགས་ཀྱི་ངོ་སྤྲོད་ལ་གསན། ལིས་ཆང་གིས་བསྟན་དོན། མིག་སྔར་སྐོར་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་འགྲན་རྩོད་སྔར་ལས་ཛ་དྲག་ཆེ་བས། ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་རང་བདག་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་གཙོ་བོའི་གསར་འབྱེད་སྒྲིག་གཞི་འཐུས་ཚང་དུ་བཏང་ནས། གསར་གཏོད་རང་བཞིན་དང་ཁྲིད་སྟོན་རང་བཞིན་གྱི་ལག་རྩལ་འགག་སྒོ་ཇེ་དམ་དུ་གཏོང་དགོས། དགོས་མཁོའི་ཁྲིད་ཕྱོགས་དང་བེད་སྤྱོད་མཛུབ་ཁྲིད་མངོན་གསལ་ཡིན་དགོས་པ་དང་། ལག་རྩལ་གསར་བ་དང་ལས་རིགས་སོ་སོའི་མཉམ་འདྲེས་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྒུལ་ནུས་གསར་བ་སྣོན་དགོས་ཞེས་གསུངས།

ལེན་ཐུང་གཞི་གྲངས་རིག་ནུས་ཚད་ཡོད་ཀུང་ཟི་རུ། ལིས་ཆང་གིས་བཟོ་ལས་མཉམ་འབྲེལ་དྲ་རྒྱའི་འཕེལ་རྒྱས་དང་དྲ་རྒྱའི་བདེ་འཇགས་འཛུགས་སྐྲུན་སོགས་ཀྱི་སྙན་ཞུར་གསན། ལིས་ཆང་གིས་བསྟན་དོན། གཞི་གྲངས་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བར་དམིགས་ནས། རྣམ་པ་གསར་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གཞི་གྲངས་མང་པོ་དང་བེད་སྤྱོད་བྱེད་ཡུལ་སོགས་ཀྱི་དགེ་མཚན་བེད་སྤྱོད་ལེགས་པོ་བྱེད་ལ། ཁེ་ལས་གཙོ་བོའི་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པ། ཁེ་ལས་འབྲིང་ཆུང་གིས་གཞི་གྲངས་ཅན་གྱི་སྟོབས་ནུས་སྩོལ་བའི་ཆེད་དོན་འགུལ་སྐྱོད་ལག་བསྟར་བཟང་པོ་བྱེད་པ་དང་། ཐོན་ལས་སྐྱེ་ཁམས་སྔར་ལས་བཟང་པོ་བསྐྲུན་ནས། སྤུས་ཚད་སྔར་ལས་མཐོ་བའི་རིན་ཐང་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་བར་སྟོང་གསར་བ་རྒྱ་བསྐྱེད་དགོས་ཞེས་གསུངས།

ཀྲུང་གོ་དབྱི་ཏུང་གསར་གཏོད་ལྟེ་གནས་སུ། ལིས་ཆང་གིས6Gལག་རྩལ་གསར་སྤེལ་བེད་སྤྱོད་དང་རྩིས་ནུས་དྲ་རྒྱའི་བཀོད་གཏོང་སྟེགས་བུ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ལིས་ཆང་གིས་མགྱོགས་མྱར་ངང5Gགཞི་ཁྱོན་ཅན་གྱི་བེད་སྤྱོད་བྱེད་པ་དང་མཉམ་དུ། 6Gལག་རྩལ་ཞིབ་འཇུག་དང་ཚད་གཞིའི་ཞིབ་བཟོ་དམ་འཛིན་བྱས་ཏེ། སྔོན་ཐོན་དགེ་མཚན་སྲ་བརྟན་དང་རྒྱ་བསྐྱེད་དགོས། རྩིས་ནུས་ཐོན་ཁུངས་ཀྱི་སྒྲིག་གཞི་ཧུར་ཐག་གིས་ལེགས་སྒྱུར་བྱེད་པ་དང་། བེད་སྤྱོད་བྱེད་ནུས་ཇེ་མཐོར་གཏོང་བ་དང་རྒྱ་ཆེར་སྦྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ། རྩིས་ནུས་ཀྱི་མཁོ་འདོན་ཆ་སྡེབ་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱས་ནས། དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་འབྲིང་ལ་ཞབས་ཞུ་དང་འདེགས་སྐྱོར་སྔར་ལས་བཟང་པོ་འདོན་སྤྲོད་བྱེད་དགོས་ཞེས་གསུངས།

ཟླ2པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཀྲུང་གོ་གློག་འཕྲིན་དང་ཀྲུང་གོ་ལེན་ཐུང་། ཀྲུང་གོ་དབྱི་ཏུང་བཅས་ཀྱི་ཁོངས་གཏོགས་ཁེ་ལས་སུ་ཕེབས་ནས་ཚན་རྩལ་གསར་གཏོད་བྱ་བར་རྟོག་ཞིབ་མཛད།  འདི་ནི་ལིས་ཆང་གིས་ལེན་ཐུང་གཞི་གྲངས་རིག་ནུས་ཚད་ཡོད་ཀུང་ཟི་རུ་བཟོ་ལས་མཉམ་འབྲེལ་དྲ་རྒྱའི་འཕེལ་རྒྱས་དང་དྲ་རྒྱའི་བདེ་འཇགས་འཛུགས་སྐྲུན་སོགས་ཀྱི་སྙན་ཞུར་གསན་པའི་རྣམ་པ་རེད། 

རྟོག་ཞིབ་བྱེད་སྐབས། ལིས་ཆང་གིས་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གོ་གློག་འཕྲིན་དང་ཀྲུང་གོ་ལེན་ཐུང་། ཀྲུང་གོ་དབྱི་ཏུང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད་རྗེས། ལིས་ཆང་གིས་བསྟན་དོན། མིག་སྔར་མི་ཐབས་རིག་ནུས་སོགས་སྔོན་ཐོན་ལག་རྩལ་འཕེལ་རྒྱས་ཀྱི་འགྲོས་ཚད་མྱུར་བས། འཛམ་གླིང་གི་འགྱུར་ལྡོག་སྣང་ཚུལ་མང་པོ་འབྱུང་བཞིན་ཡོད། གནས་བབ་གསར་བ་དང་ལས་འགན་གསར་བ་བླང་བྱ་གསར་བ་བཅས་ལ་འཕྲད་སྐབས། ཁེ་ལས་གསུམ་གྱིས་འགན་འཁྲིའི་འདུ་ཤེས་དང་དགོས་གཏུགས་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། གསར་གཏོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས། སྔར་ལས་ཐོད་བརྒལ་ཆེན་པོ་འབྱུང་བར་བརྩོན་ལེན་བྱེད་པ། ཁེ་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་རྨང་གཞི་སྔར་ལས་བརྟན་པོ་འདིང་བ་དང་།  ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་མངོན་འགྱུར་བྱས་ཏེ། གསར་དར་ཐོན་ལས་དང་མ་འོངས་ཐོན་ལས་དར་རྒྱས་གོང་འཕེལ་འགྲོ་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས། གོ་སྐབས་དམ་འཛིན་བྱེད་པ་དང་། ཤུགས་ཆེན་པོས་རབས་གསར་བའི་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་འཕེལ་རྒྱས་གཏོང་བ། མི་ཐབས་རིག་ནུས་ལ་སྐུལ་འདེད་ཟབ་མོ་གཏོང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་གཞི་གྲངས་ཅན་ཚུར་སྒྱུར་ལ་སྐུལ་འདེད་བཏང་སྟེ། ལས་རིགས་ཁྲི་སྟོང་ལ་སྟོབས་ནུས་སྦྱིན་དགོས། འགག་སྒྲོལ་ཐོད་བརྒལ་བྱེད་པ་དང་། ཞན་ཆ་དང་མི་འདང་སར་དམིགས་ནས། མཉམ་འདྲེས་ཤུགས་ཚད་ཇེ་ཆེར་གཏོང་བ། ལས་འགན་གཙོ་བོར་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། སྔ་ས་ནས་དངོས་ཡོད་རང་བཞིན་གྱི་འཕེལ་རིམ་འབྱུང་བར་བྱེད་དགོས། བཅོས་སྒྱུར་ཟབ་སྤེལ་གྱི་གསོན་ཤུགས་སྐུལ་སྤེལ་བྱེད་པ་དང་། གླ་ཕོགས་ཐོབ་ཐང་དང་གྲུབ་འབྲས་ཚུར་སྒྱུར། ཚན་རིག་ཞིབ་འཇུག་རྩ་འཛུགས་རྣམ་པ་སོགས་ཀྱི་འཚོལ་ཞིབ་ལ་ཤུགས་བསྣན་ནས། ཚན་རྩལ་མི་སྣའི་བརྩོན་སེམས་རང་བཞིན་དང་གསར་སྐྲུན་རང་བཞིན་ལ་སྐུལ་འདེད་གཏོང་དགོས།  སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། མཉམ་ལས་གསར་གཏོད་དང་ཐོན་ལས་མཉམ་ལས་ཀྱི་རྩ་འཛུགས་མཁན་བཟང་པོ་བྱེད་པ། བེད་སྤྱོད་བྱེད་ཡུལ་སྒོ་འབྱེད་དང་མཉམ་འབྲེལ་གསར་འབྱེད་ལ་ཤུགས་སྣོན་པ། རྨང་གཞིའི་འདེགས་སྐྱོར་བཟང་པོ་བྱེད་པ། སྟོད་སྨད་རྒྱུད་ཀྱི་ཁེ་ལས་དང་ལྷག་པར་དུ་ཁེ་ལས་ཆུང་འབྲིང་གིས་མཉམ་དུ་བསྒྲུབ་པར་སྐུལ་ཁྲིད་བྱས་ཏེ། གསར་གཏོད་ཀྱི་ལས་ཆོད་མུ་མཐུད་དུ་མཐོར་འདེགས་གཏོང་བ་དང་། གསར་གཏོད་མ་རྩ་ཇེ་དམར་གཏོང་བ། གསར་གཏོད་ནུས་པ་ཇེ་དྲག་ཏུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས།

ཀྲང་གོ་ཆིན་དང་ཝུའུ་ཀྲིན་ལུང་རྟོག་ཞིབ་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།