ཟླ2པའི་ཚེས25ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། 2024ལོའི་དཔྱད་ཞིབ་གནས་ཚུལ་གྱི་ཡར་ཞུ་ལ་ཉན་ཞིང་། རང་ཞིང་གི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས་པ་དང་། འབྲེལ་ཡོད་བྱ་བ་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱིས། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ་དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དམངས་གཉེར་དཔལ་འབྱོར་ལ་ཐུགས་ཁུར་དང་དོ་སྣང་བྱེད་པ་མཚོན། དམངས་གཉེར་དཔལ་འབྱོར་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན་པས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། སྲིད་ཇུས་ཇི་མ་ཇི་བཞིན་དུ་ལག་བསྟར་བྱེད་རྒྱུ་དམ་འཛིན་བྱེད་པ། དམངས་གཉེར་ཁེ་ལས་འཚར་ལོངས་འབྱུང་བར་རོགས་འདེགས་སྔར་ལས་བཟང་བོ་བྱེད་དགོས། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ་དང་། ཁེ་ལས་ཀྱི་བྲེལ་དཀའ་ཁྲལ་སྒུག་གཙིགས་སུ་འཛིན་པ། རྒྱུན་རྣམ་ཅན་དུ་ཁེ་ལས་ལ་རོགས་བྱེད་པ་དང་དྲོད་ཁོལ་སྐྱེལ་བ། ཁེ་ལས་དང་འབྲེལ་བའི་བཅའ་ཁྲིམས་ལག་བསྟར་ཐད་ནས་རྒྱུན་མ་ཆད་པར་ཚད་ལྡན་དུ་བཏང་སྟེ། མཛའ་གཙང་སྲིད་ཚོང་གི་འབྲེལ་བ་སྔར་ལས་བཟང་བོར་འཛུགས་དགོས། ཁེ་ལས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་མཐོར་འདེགས་གཏོང་བ་དང་། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་བ། ཚན་རྩལ་གསར་གཏོད་དང་ཞིབ་སྤེལ་བྱེད་ཚད་ཇེ་ཆེར་བཏང་ནས། འགག་རྩ་སྲོག་ཤིང་ལག་རྩལ་གྱི་འགག་སྒྲོལ་བྱ་བ་བཟང་བོར་སྤེལ་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། 2025ལོའི་མཚོ་སྔོན་དང་ཞང་ཀང་གི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་མཉམ་ལས་བྱ་འགུལ་གྱི་གྲུབ་འབྲས་གཡུར་དུ་ཟ་བ་དང་། དེ་ནི་ཞིང་ཆེན་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་ཚོགས་འདུའི་བཀོད་སྒྲིག་ལག་བསྟར་བྱེད་པའི་འགུལ་སྐྱོད་དངོས་ཡིན་པས། ཉམས་མྱོང་དང་བྱེད་ཐབས་སྤྱི་སྡོམ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་ཚོང་འགུག་དམ་འཛིན་དང་ལག་བསྟར་ལ་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྒུལ་ཤུགས་ཆེན་པོ་སྣོན་དགོས། ཕན་ཚུན་བར་བྱུང་པའི་མཉམ་ལས་འདོད་བློ་དང་ཐུན་མོང་གི་ལྟ་བ་གཙིགས་སུ་འཛིན་པ་དང་། དུས་འཁོར་ཧྲིལ་བོའི་ཞབས་ཞུ་དང་ཕྲེང་འབྲེལ་ཧྲིལ་བོའི་དོ་དམ་ལ་ཤུགས་སྣོན་པ། གྲོས་བཀོད་ལས་གཞི་སྔ་མོ་ནས་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་བ། མཉམ་ལས་ལས་གཞི་གསར་བ་སྐོར་ཞིག་གྲུབ་པར་བརྩོན་ལེན་བྱས་ཏེ། ཞང་ཀང་དང་མཚོ་སྔོན་གྱི་མཉམ་ལས་དེ་ཕྱོགས་ཡོངས་དང་ཁྱབ་ཁོངས་མང་པོ། རིམ་པ་ཟབ་མོར་རྒྱ་སྐྱེད་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་བསྟན་དོན། 2024ལོའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་དམིགས་འབེན་འགན་འཁྲི་དཔྱད་ཞིབ་དང་། ཞིང་ཆེན་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་ལམ་ལུགས་དཔྱད་ཞིབ་ཀྱི་གྲུབ་འབྲས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། དཔྱད་ཞིབ་ཀྱི་བཀོད་འདོམས་དང་ཕྱོགས་སྟོན་ནུས་པ་འདོན་སྤེལ་བྱེད་དགོས། 2025ལོའི་དམིགས་འབེན་ལས་འགན་གཙིགས་སུ་འཛིན་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་ཞིབ་ནང་དོན་གཏན་ཁེལ་བྱེད་པ། ལུགས་དང་མཐུན་པའི་སྒོ་ནས་དཔྱད་ཞིབ་དམིགས་འབེན་གཏན་ཁེལ་བྱེད་པ། ལས་བྱེད་པས་དངོས་སྒྲུབ་ལེགས་བརྩོན་བྱེད་པར་སྐུལ་མ་བཏང་སྟེ། ལས་སྒྲུབ་ལས་སྐྲུན་གྱི་སྣང་ཚུལ་སྟུག་པོ་གྲུབ་པར་བྱེད་དགོས། ཏང་ཨུའི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་དང་འགན་ནུས་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་འགན་འཁྲི་བཅས་སྔར་ལས་གཏན་ཁེལ་གསལ་བོ་བྱེད་པ་དང་། གཟབ་ནན་གྱི་དགོངས་གཞི་རྒྱུན་འཁྱོངས་བྱས་ནས་གཡོ་འགུལ་མི་བྱེད་པར་འགན་འཁྲི་ལག་བསྟར་གྱི་དཔྱད་འཇོག་རྐྱེན་སྲོལ་རྒྱུན་མ་ཆད་པར་ལེགས་སྒྱུར་བྱེད་དགོས།
ཚོགས་ཐོག་ཏུ2025ལོར་ཞིང་ཆེན་ཡོངས་ཀྱིས་རྒྱུན་མཐུད་ངང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་སྒོས་བཅོས་སྐྱོང་བྱེད་པའི་བྱ་བ་གཙོ་བོར་གྲོས་ཞིབ་བྱས་ནས་བསྟན་དོན། སྟོབས་ཤུགས་མི་ཉམས་པ་དང་བཏང་ལྷོད་མི་བྱེད་པ། ཚད་གཞི་མི་འགྱུར་བ་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱི་དོ་སྣང་བྱེད་ཚད་མཐོ་བའི་འབུར་ཐོན་གནད་དོན་གཙོར་བཟུང་ནས་བཅོས་སྐྱོང་ལ་ཤུགས་སྣོན་དགོས། གཙོ་གནད་ཁྱབ་ཁོངས་འབུར་དུ་ཐོན་པར་བྱེད་པ་དང་། མཉམ་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། གནད་ཆུང་ས་ནས་ཐག་གཅོད་པ། གནད་དོན་ལ་དམིགས་ནས་བཅོས་སྐྱོང་ནན་མོ་བྱེད་དགོས། ཏང་ཨུ་དང་སྲིད་གཞུང་གིས་གཙོ་འགན་ཁུར་བ་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་མགོ་ཁྲིད་དེ་སྤྱིའི་ཆ་ནས་དམ་འཛིན་བྱེད་པ། སྡེ་ཁག་སོ་སོས་མཉམ་ལས་སྐུལ་སྤེལ་བྱེད་པ། གྲོང་ཁྱེར་དང་རྫོང་གིས་གཙོ་སྡོམ་གཙོ་འཐབ་བྱེད་པའི་མཉམ་འབྲེལ་མ་ལག་གི་ནུས་པ་འདོན་སྤེལ་བྱེད་པ་དང་། མཐོ་གནོན་རྣམ་པ་ནམ་ཡང་རྒྱུན་འཁྱོངས་བྱས་ནས། གཅིག་བསྡུས་བཅོས་སྐྱོང་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་2025ལོའི་ཆབ་སྲིད་གྲོས་མོལ་གྲོས་དོན་གྱི་བཀོད་སྒྲིག་འཆར་གཞི་དང2025ལོའི་དམངས་གཙོ་ཏང་ཁག་དང་ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་གཙོ་གནད་རྟོག་ཞིབ་ཀྱི་དཔྱད་གཞིའི་བཀོད་སྒྲིག་འཆར་གཞི་ལ་རྩ་དོན་ཐོག་འཐད་པ་བྱུང་། ཚོགས་ཐོག་ནས་བསྟན་དོན། གཅིག་འདོམས་མཐུན་སྦྱོར་བཟང་བོ་བྱེད་པ་དང་སྣེ་ཁྲིད་སྐུལ་འདེད་ལ་ཤུགས་བསྣན་ནས། གྲོས་མོལ་འཆར་གཞི་དང་གཙོ་གནད་རྟོག་ཞིབ་ཀྱི་དཔྱད་གཞི་སྤུས་ཚད་མཐོ་བའི་ངང་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཕྱིའི་མི་སྣར་ཁ་ཕྱོགས་ནས་གནས་ཚུལ་དང་སྲིད་ཇུས་ཤེས་རྟོགས་བྱེད་པ་དང་སྲིད་ཞུགས་སྲིད་གླེང་གི་སྟེགས་བུ་བསྐྲུན་ནས། གྲོས་མོལ་དམངས་གཙོ་རྒྱ་ཆེ་བ་དང་རིམ་པ་མང་བ། ལམ་ལུགས་ཅན་གྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོགས་ལ་ཉེ་བའི་སྐབས་སུ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དཔལ་འབྱོར་འཁོར་རྒྱུག་ཐད་ཀྱི་དབྱེ་ཞིབ་བཀོད་གཏོང་ལ་ཤུགས་སྣོན་པ་དང་། སྟོབས་ཤུགས་ཡོད་རྒུས་ལས་གཞི་དམ་འཛིན་དང་ཚོང་འགུག་དམ་འཛིན་བྱེད་པ། དུས་ཐོག་ཏུ་མི་འདང་སར་ཁ་གསབ་བྱེད་པ་དང་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་ནས། དུས་ཚིགས་དང་པོར་བྱ་བ་ཡོངས་ཀྱི་མགོ་བཟང་བོ་རྩོམ་པར་ཁག་ཐེག་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བཟང་བོ་བྱེད་པ་དང་། ཕྱོགས་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་བཅོས་སྐྱོང་བྱེད་པར་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་ཉེན་ཁ་སྔོན་འགོག་བྱེད་པ་དང་བདེ་འཇགས་ལ་འགན་སྲུང་བྱེད་པ། བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས།
ཚོགས་ཐོག་ཏུ་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།