2025ལོའི་ཐའེ་ཝན་བྱ་བའི་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།
2025.02.27 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

2025ལོའི་ཐའེ་ཝན་བྱ་བའི་ཚོགས་འདུ་ཚེས25ཉིན་ནས་ཚེས26ཉིན་བར་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་། ཁོང་གིས་བསྟན་དོན། ཞི་ཉིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐའེ་ཝན་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ། ངོགས་གཉིས་ཀྱི་འབྲེལ་བའི་གཙོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་དམ་འཛིན་བརྟན་པོ་བྱས་ཏེ། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱེད་པ་དང་། རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་ལ་མཐུན་སྒྲིལ་བྱེད་པ། གླིང་ཕྲན་ནང་ཁུལ་གྱི་རྒྱལ་གཅེས་གཅིག་གྱུར་སྟོབས་ཤུགས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ། “ཐའེ་ཝན་རང་བཙན”གྱི་བསྙད་རྐོའི་བྱ་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས་མེས་རྒྱལ་གཅིག་གྱུར་ཡོང་ངེས་ཀྱི་འཕེལ་ཕྱོགས་ཆེན་པོ་བསྐྲུན་དགོས། ངོགས་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་སྟེ་ཐའེ་ཝན་སྤུན་ཟླ་ལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་གོ་སྐབས་དང་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས། ཐའེ་ཝན་གྱི་ན་གཞོན་སྐམ་ས་ཆེན་པོར་ཡོང་ནས་ཕུགས་འདུན་དོན་གཉེར་བྱེད་པར་ཆ་རྐྱེན་སྔར་ལས་ལེགས་པོ་བསྐྲུན་དགོས། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་པར་ངོ་རྒོལ་དང་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པའི་རྣམ་པ་སྲ་བརྟན་དུ་གཏོང་དགོས། ཏང་ཀྲུང་དབྱང་གིས་ཐའེ་ཝན་བྱ་བར་གཅིག་སྡུད་གཅིག་གྱུར་གྱིས་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་ཀྲུང་དབྱང་གིས་ཐའེ་ཝན་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་འགན་ལེན་བྱ་དགོས།

ཝང་དབྱི་ཡིས་ཚོགས་འདུར་མགོ་འཛིན་བྱས། ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ས་གནས་སོ་སོའི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།