ཟླ2པའི་ཚེས26ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་སོ་གཅིག་པ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་འདུར་མགོ་འཛིན་བྱས་ནས་གཏམ་བཤད།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་ལག་བསྟར་བྱས། ཝང་ཧུའུ་ཉིང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་མཐོང་ཆེན་གང་ལེགས་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་བླང་བྱ་ཁ་གསལ་བཏོན་ནས། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་དང་དེར་གོ་བ་མ་ནོར་བ་བླངས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་འདི་ཉིད་སྲིད་གྲོས་ལས་དོན་གཅིག་གྱུར་གྱི་སྤྱིའི་རྩ་འཛིན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་མི་དམངས་སྲིད་གྲོས་ལ་ཁྱོན་ཡོངས་ནས་སྣེ་ཁྲིད་བྱེད་རྒྱུ་དོན་འཁྱོལ་བྱས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཡང་དག་ལེན་རྒྱུ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་སྐོར་གྱི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། སྲིད་གྲོས་ཨུ་ཡོན་རྩ་འཛུགས་བྱས་ནས། དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ནས། བརྟག་དཔྱད་ཞིབ་འཇུག་དང་གྲོས་མོལ་ནན་མོ་བྱས་ཏེ། རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཅི་ཡོད་འབུལ་བར་སྣེ་ཁྲིད་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལེའོ་ཉིང་དུ་རྟོག་ཞིབ་གནང་བ་དང་། ཅི་ལིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་ཏེ། དུས་རབས་གསར་པའི་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་གནད་དོན་གཙོ་བོར་དམ་པོར་དམིགས་ནས་ཞིབ་འཇུག་གཏིང་ཟབ་གནང་བ་དང་དེ་བསྟུན་གྱི་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་འགོ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུགས་རྙིང་ལོ་སར་གྱི་སྔོན་ལ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། ལུགས་རྙིང་ལོ་སར་གྱི་ལྷན་འཛོམས་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་གོ་བ་ཡང་དག་བླངས་ནས། མི་དམངས་སྲིད་གྲོས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཨུ་ཡོན་གྱིས་འགན་འཁྲི་བསྒྲུབས་པའི“མི་དམངས་ལ་ཞབས་འདེགས་ཞུ་བའི”བྱེད་སྒོ་ཟབ་སྤེལ་གཏོང་དགོས་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།