ཟླ2པའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ནེའུ་ཙི་ལན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་པུས་ཏི་སི་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་བསྟན་དོན། ན་ནིང་གི་ཟླ11པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ལཱ་ཁི་སིན་གྱིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་སྐབས་སུ་མཇལ་འཕྲད་གནང་ནས་ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བ་མགོ་རྩོམ་ས་གསར་བའི་སྟེང་མུ་མཐུད་དུ་མདུན་སྐྱོད་འཕེལ་རྒྱས་སུ་འགྲོ་བའི་ཐད་འཐབ་ཇུས་སྣེ་ཁྲིད་བྱས། མིག་སྔར། ཀྲུང་གོ་དང་ནེའུ་ཙི་ལན་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཅུ་ལོ་གཉིས་པར་སླེབས་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ནེའུ་ཙི་ལན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་པ། ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། མཉམ་ལས་ཡིད་ཆེས་སྲ་བརྟན་དུ་གཏོང་བ། ཕན་ཚུན་གྱི་རྒྱུན་ལོན་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ནེའུ་ཙི་ལན་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་མཐུད་དང་བདེ་ཐང་བརྟན་འཇགས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་ཏང་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས། དར་རྒྱས་བཅས་ཀྱི་ཐད་སྔར་ལས་མང་པོའི་བྱས་རྗེས་འཇོག་འདོད་ཡོད་ཅེས་གསུངས།
པུས་ཏི་སི་ཡིས་བསྟན་དོན། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་ཟླ་གྲོགས་བཟང་བོ་ཡིན་པའི་ཆ་ནས། ཀྲུང་གོའི་ཕྱོགས་དང་གྲོས་མོལ་བྱེད་པར་ཤུགས་སྣོན་དང་། རྒྱུས་ལོན་གཏིང་ཟབ་ཏུ་གཏོང་བ། དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ནེའུ་ཙི་ལན་དང་ཀྲུང་གོའི་འབྲེལ་བའི་སྔར་ལས་ཆེ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།