ཚྭ་འདམ་གཞོང་ན་གོར་མོའི་བྱེ་ཐང་ཤར་མའི་རྟེན་གཞིའི་གློག་ཁུངས་ལས་གཞི་འཛུགས་སྐྲུན་བྱེད་མགོ་རྩོམ་པའི་མཛད་སྒོ་བསྡུས།
2025.02.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2པའི་ཚེས26ཉིན་གྱི་སྔ་དྲོར། མིག་སྔར་རྒྱལ་ནང་གི་འཆར་འགོད་འཛུགས་སྐྲུན་གྱི་ཤོང་ཚད་ཆེས་ཆེ་བ་དང་། སྤྱིའི་་མ་དངུལ་གཏོང་ཚད་ཆེས་མང་བ། ནུས་ཁུངས་གསར་བའི་ཟིན་ཚད་ཆེས་མཐོ་བ། མཚོ་འཕགས་ཆེས་མཐོ་བའི་བརྒལ་འདའ་འགྱུར་མཚམས་མེ་གློག་ལས་གཞི་ནང་དུ་འདུ་བའི་བྱེ་གྲམ་ས་རྒོད་གསུམ་གྱི་ནུས་ཁུངས་གསར་བའི་ནུས་ཁུངས་ཕྱིར་སྐྱེལ་རྟེན་གཞིའི་གློག་ཁུངས་ལས་གཞི་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒལ་བ་དང་བདག་གཉེར་ཁུལ་བརྒལ་བའི་ནུས་ཁུངས་གསར་བ་ཕྱིར་སྐྱེལ་རྟེན་གཞིའི་གློག་ཁུངས་ལས་གཞི་ཐོག་མ་སྟེ་ཚྭ་འདམ་གཞོང་ན་གོར་མོའི་བྱེ་ཐང་ཤར་མའི་རྟེན་གཞིའི་གློག་ཁུངས་ལས་གཞི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་མགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན། ཀྲུང་གོའི་ཧྭ་གློག་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཙུའུ་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་ཅང་དབྱི། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལིའོ་ཕེན་ཧུའུ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་ཞིན་ཞིན་བཅས་མགོ་རྩོམ་མཛད་སྒོར་ཞུགས། ལོའུ་ཏུང་ཁྲོན་དང་ཅང་དབྱི། ཧི་ཞིན་ཞིན་བཅས་ཀྱིས་སོ་སོར་ཤིས་ཚིག་ཕུལ།

བྱ་འགུལ་སྐབས་སུ། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་ཅང་དབྱི་སོགས་དང་བཞུགས་མོལ་བྱས། ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཀྲུང་གོ་ཧྭ་གློག་སྡེ་ཚོགས་ཀྱིས་་དུས་ཡུན་རིང་བོར་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་གསུམ་ལ་མཚོ་སྔོན་དུ་གཟིགས་ཞིབ་མཛད་པ་དང་། ཐེངས་གཉིས་ལ་རྒྱལ་ཡོངས་དམངས་ཆེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ནས། མཚོ་སྔོན་འཕེལ་རྒྱས་ཐད་འཆར་གཞི་བཀོད་པ་དང་ཁ་ཕྱོགས་བསྟན་པ་དང་། མཚོ་སྔོན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁངས་ཐོན་ལས་ཀྱི་མཐོ་ས་གསར་སྐྲུན་བྱེད་པའི་འགན་འཁྲི་གལ་ཆེན་བསྩལ། ཚྭ་འདམ་གཞོང་ན་གོར་མོའི་བྱེ་ཐང་ཤར་མའི་རྟེན་གཞིའི་གློག་ཁུངས་ལས་གཞི་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པའི་ལག་ལེན་དངོས་ཡིན་ལ། མཚོ་སྔོན་གྱི་ལྗང་མདོག་ཚུལ་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། མི་རིགས་ས་ཁུལ་གྱི་ཐུན་མོང་འབྱོར་ཕྱུག་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་དོན་སྙིང་གལ་ཆེན་ལྡན། གོ་རིམ་རྗེས་མར། ཕྱོགས་གཉིས་ཀྱིས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བ། གསར་གཏོད་ཀྱི་ཚད་མཐོ་བའི་རྒྱལ་ཡོངས་བྱེ་གྲམ་རྒོད་གསུམ་གྱི་ནུས་ཁུངས་གསར་བ་ཕྱིར་སྐྱེལ་རྟེན་གཞིའི་དཔེ་སྟོན་དཔེ་མཚོན་དང་ལྗང་མདོག་ཐཱན་དམའ་ཚུལ་སྒྱུར་གྱི་ཚད་ཤིང་གལ་ཆེན་གསར་སྐྲུན་བྱེད་རྒྱུའི་རེ་བ་བཅངས་ཡོད། མཚོ་སྔོན་གྱིས་སྟོབས་ཤུགས་ཡོད་རྒུས་ཀྲུང་གོ་ཧྭ་ཏེན་མཚོ་སྔོན་དུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ཞབས་ཞུའི་འགན་སྲུང་གི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། ལས་གཞི་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་རྒྱུ་ཡིན།

ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་བྱ་འགུལ་ལ་ཞུགས་པའི་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས་པ་དང་། དུས་ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ཐད་སེམས་ཁུར་དང་རྒྱབ་སྐྱོར་བྱས་པའི་ལས་རིགས་སོ་སོའི་གྲོགས་པོ་ཚོར་སེམས་གཏིང་ནས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཚྭ་འདམ་གཞོང་ན་གོར་མོའི་བྱེ་ཐང་ཤར་མའི་རྟེན་གཞིའི་གློག་ཁུངས་ལས་གཞི་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དེ་ནི། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་ལ། ད་ལོའི་མཚོ་སྔོན་གྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པའི་མགོ་ཡོངས་སུ་བརྩམས་པ་མཚོན། ལས་གཞིས་རྒྱལ་ཡོངས་ཀྱི་ཆེས་ཆེ་བ་ལྔའི་ཟིན་ཐོ་བསྐྲུན་པ་དང་། རིགས་གསར་བའི་ནུས་ཁུངས་མ་ལག་འཛུགས་པ་དང་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་རིགས་སོ་སོ་མཉམ་དུ་ཕྱུག་པོར་བསྒྱུར་བའི་ཐད་དོན་སྙིང་གལ་ཆེན་ལྡན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ལས་གཞིའི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བཟང་བོར་བསྒྲུབ་པ་དང་། མགོ་འཛུགས་ས་མཐོན་པོ་ནས་སྐུལ་འདེད་གཏོང་བ་དང་ཚད་གཞི་མཐོ་བའི་ངང་འཛུགས་སྐྲུན་བྱེད་པ། ལས་ཆོད་མཐོ་བའི་ངང་མཉམ་ལས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ལས་གཞི་འཛུགས་སྐྲུན་གྱི་ལྗང་མདོག་བགྲོད་ལམ་འཛུགས་པ། སྐྱེ་ཁམས་བདེ་འཇགས་ཀྱི་སྤུས་ལེགས་བཟོ་སྐྲུན་འཛུགས་སྐྲུན་བྱས་ནས། མཉམ་དུ་ལྗང་མདོག་འཕེལ་རྒྱས་ཀྱི་མཛེས་སྡུག་གི་མ་འོངས་གསར་སྐྲུན་བྱེད་དགོས།

ཅང་དབྱི་ཡིས་བསྟན་དོན། ལས་གཞི་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་བ་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་ནན་མོ་བྱེད་པའི་མཚོན་རྟགས་དང་ལག་ལེན་ཡིན། ཀྲུང་གོ་ཧྭ་གློག་སྡེ་ཚོགས་ཀྱིས་ཐེངས་འདིའི་འཛུགས་སྐྲུན་བྱེད་མགོ་རྩོམ་པའི་མཛད་སྒོ་དེ་གོ་སྐབས་སུ་བརྩི་བ་དང་། ཡིད་ཆེས་སྔར་ལས་བརྟན་པོ་དང་སྟོབས་ཤུགས་སྔར་ལས་ཆེན་པོས་མཚོ་སྔོན་ལ་དངུལ་གཏོང་བྱེད་པ་དང་མཚོ་སྔོན་ལ་བཀོད་སྒྲིག་བྱེད་པ། མཚོ་སྔོན་ལ་ཞབས་འདེགས་ཞུ་བ། མཚོ་སྔོན་འཕེལ་རྒྱས་སུ་གཏོང་བ། མཚོ་སྔོན་གྱི་ནུས་ཁུངས་གསར་བའི་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་གསར་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་རོགས་ཤུགས་འདོན་པ། ཧྭ་གློག་སྡེ་ཚོགས་ཀྱི་དགེ་མཚན་ཐོན་ཁུངས་གཅིག་བསྡུ་བྱེད་པ། ཚན་རྩལ་གསར་གཏོད་ཀྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་པ། ནུས་ཁུངས་ཐད་ཀྱི་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། སྟོབས་ཤུགས་ཡོད་རྒུས་མི་རིགས་ས་ཁུལ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་ཐད་ཧྭ་ཏེན་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན།

ཧི་ཞིན་ཞིན་གྱིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ནས། ལས་གཞི་དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས་པར་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ཚྭ་འདམ་གཞོང་ན་གོར་མོའི་བྱེ་ཐང་ཤར་མའི་རྟེན་གཞིའི་གློག་ཁུངས་ལས་གཞི་དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དེས། མཚོ་སྔོན་ཞིང་ཆེན་དང་ཀོང་ཞི་རང་སྐྱོང་ལྗོངས་དང་ཀྲུང་གོ་ཧྭ་གློག་སྡེ་ཚོགས་བཅས་ཀྱིས་ཁུལ་ཁོངས་ནུས་ཁུངས་མཉམ་ལས་དང་ཀྲུང་དབྱང་དང་ས་གནས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་ཐད་མཉམ་དུ་ཇུས་འགོད་བྱེད་པའི་ཕྱོགས་ནས་ཡང་བསྐྱར་གྲུབ་འབྲས་གལ་ཆེན་བླངས་པ་མཚོན་ལ། ཀོང་ཞི་ཡིས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ནུས་ཁུངས་བདེ་འཇགས་འགན་སྲུང་ཁུལ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་སྔར་ལས་བཟང་བོ་བྱེད་ཐུབ་རྒྱུ་རེད། ཀོང་ཞི་ཡིས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་མཛའ་མཐུན་མཉམ་ལས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། ཕྱིར་སྐྱེལ་རྟེན་གཞི་གསར་སྤེལ་འཛུགས་སྐྲུན་བྱེད་པའི་བྱ་བ་སྣ་ཚོགས་ཐད་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པ་མ་ཟད་ཟབ་ཞུགས་བྱས་ནས། མཚོ་སྔོན་གྱི་གློག་ཀོས་ལེན་དུ་འདྲེན་པའི་ལམ་བུ་རྒྱུན་མཐུད་གེགས་མེད་ཡོང་བར་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ལེའུ་གསར་བ་མཉམ་འབྲི་བྱེད་རྒྱུ་ཡིན་ཟེར།

མགོ་རྩོམ་མཛད་སྒོའི་སྟེང་། ཀྲུང་གོ་ཧྭ་གློག་སྡེ་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་རྟེན་གཞིའི་ལས་གཞི་འཛུགས་སྐྲུན་གྱི་གྲ་སྒྲིག་གནས་ཚུལ་ངོ་སྤྲོད་བྱས་པ་དང་། མཚོ་ནུབ་ཁུལ་གྱི་འགན་ཁུར་བློ་མཐུན་གཙོ་བོས་ཤིས་ཚིག་ཕུལ།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་གིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་རུང་མཛད་སྒོར་ཞུགས།

ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཀྲུང་གོ་ཧྭ་གློག་སྡེ་ཚོགས་དང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས། རྒྱལ་ཁབ་ནུས་ཁུངས་ཅུའུ་ནུབ་བྱང་ལྟ་སྐུལ་དོ་དམ་ཅུའུ། རྒྱལ་ཁབ་གློག་དྲ། ལྷོ་ཕྱོགས་གློག་དྲ། ཀྲུང་གོ་རྒྱལ་སྤྱིའི་བཟོ་སྐྲུན་བློ་འདྲི་ཚད་ཡོད་ཀུང་ཟི། གློག་ཤུགས་འཆར་འགོད་ཇུས་འགོད་སྤྱི་ཁྱབ་གླིང་། ཆུ་གློག་ཆུ་བེད་ཇུས་འགོད་སྤྱི་ཁྱབ་གླིང་། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ནུས་ཁུངས་ཁེ་ལས་དང་ཞིང་ཆེན་ཁོངས་གཏོགས་ཀྱི་འབྲེལ་ཡོད་ཁེ་ལས། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། མཚོ་ནུབ་ཁུལ་དང་ན་གོར་མོ་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་བཅས་མཛད་སྒོར་ཞུགས།

རིན་ཆེན་མཚོས་བསྒྱུར།