ཚའེ་ཆིས་ལའོ་ཝོ་མི་དམངས་གསར་བརྗེའི་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
2025.02.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་པེ་ཅིང་དུ་ལའོ་ཝོ་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་པིན་ཐུང་གིས་སྣེ་ཁྲིད་པའི་ལའོ་ཝོ་མི་དམངས་གསར་བརྗེའི་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཚའེ་ཆི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལོན་དང་མཉམ་དུ། ཀྲུང་གོ་དང་ལའོ་ཝོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ལོ་ལྔའི་བྱ་སྤྱོད་འཆར་གཞི་གསར་པར་མཉམ་དུ་མིང་རྟགས་བཀོད་པ་ནས་བཟུང་། ཀྲུང་གོ་དང་ལའོ་ཝོ་ཡི་འབྲེལ་བར་འཕེལ་རྒྱས་ཀྱི་རེ་ལྟོས་གསར་པ་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝོ་ཕྱོགས་དང་མཉམ་དུ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་སྣེ་སྟོན་དུ་བཟུང་ནས། མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་མཉམ་ལས་འཕེལ་རྒྱས་གཏོང་བར་དམ་པོར་དམིགས་ནས། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུའི་ཐད་ཤུགས་སྣོན་པ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་ཏུ་མཉམ་ལས་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། ཀྲུང་གོ་དང་ལའོ་ཝོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་མུ་ནས་མུ་རུ་སྤེལ་ཐུབ་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

པིན་ཐུང་གིས་ལའོ་ཝོ་དང་ཀྲུང་གོའི་ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཐབ་ཇུས་སྟོན་དང་དངོས་སུ་སྐུལ་འདེད་བཏང་བར་གདེང་འཇོག་ཚད་མཐོན་པོ་བྱས་ནས། མིག་སྔར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་ཆེས་བཟང་ཤོས་སུ་སླེབས་ཡོད་ཅིང་། ལའོ་ཝོ་མི་དམངས་གསར་བརྗེའི་ཏང་གིས་ཚོགས་ཆེན་བཅུ་གཉིས་པར་གྲ་སྒྲིག་བྱེད་བཞིན་ཡོད་པས། རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ལས་དོན་གྱི་ཁ་ཕྱོགས་དང་ལས་འགན་གལ་ཆེན་དུ་བརྩི་འཆར་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།