ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2025.02.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2ཚེས27ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་ཞེ་གཅིག་པ་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས། དབྱང་ཧྥིན་ཁྲིན་དང་ཀྲང་ཧོང་ཡོན། ལོའུ་ཀང་། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས་པ་དང་། ལིའུ་ཐུང་ཏི་ཚོགས་འདུར་ཟུར་ཞུགས་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱིས་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་གྲུབ་འབྲས་དང་བྱས་རྗེས་གལ་ཆེན་ཁས་ལེན་གང་ལེགས་བྱས་ཡོད་ལ། དམངས་གཉེར་དཔལ་འབྱོར་ལ་འཕྲད་པའི་གོ་སྐབས་དང་འགྲན་རྩོད་ཐད་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་བར་རྒྱབ་སྐྱོར་དང་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་སོ་སོར་མ་ལག་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཡོད་པར་མ་ཟད། དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད་པས། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་ན། བསམ་བློ་དང་བྱ་སྤྱོད་རང་འགུལ་ངང་ཏང་ཀྲུང་དབྱང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཐད་བཏོན་པའི་བྱེད་ཐབས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། དམངས་ཆེན་གྱི་འགན་ནུས་ངེས་གནས་ལ་རྐང་འཛུགས་པ། རྒྱལ་ཡོངས་དམངས་ཆེན་གྱིས་གཏན་འབེབས་བྱས་པའི་དམངས་གཉེར་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་གོམ་སྟབས་དང་བསྟུན་པ། རང་ཞིང་གི་ཁྲིམས་འཛུགས་འཆར་གཞི་འཆར་འགོད་ལེགས་པོ་བྱེད་པ། ཁྲིམས་འཛུགས་བྱེད་ཐབས་ལ་བརྟེན་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བྱེད་ཕྱོགས་གལ་ཆེན་དང་སྲིད་ཇུས་བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱས་ནས། རང་ཞིང་གི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་འགན་ལེན་བྱེད་དགོས། ལངས་གནས་མཐོ་རུ་གཏོང་བ་དང་། འགན་འཁྲི་སྲ་བརྟན་དུ་གཏོང་བ། རྒྱལ་ཡོངས་དམང་ཆེན་གྱི་བཀོད་སྒྲིག་བླང་བྱ་དང་རང་ཞིང་གི་བྱ་བའི་ཇུས་གཞི་གཞིར་བཟུང་ནས་མཚོ་སྔོན་འཐུས་ཚབ་ཚོགས་པ་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་པའི་བྱ་བ་སོ་སོ་ནན་ཏན་གྱིས་ལེགས་པོར་བསྒྲུབ་པ་དང་། ཚོགས་ཆེན་གྱིས་བཀོད་སྒྲིག་བྱས་པའི་འགན་འཁྲི་སོ་སོ་བདེ་བླང་ངང་ཡོངས་འགྲུབ་བྱེད་དགོས།

གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཏང་གི་བྱ་བའམ་སྒྲིག་བཤེར་བྱ་བའི་གྲོས་ཚོགས་ཀྱི་ཇུས་གཞི་སྐོར་གྱི་ཡར་ཞུ་ལ་ཉན།

ཤ་བོ་གསེར་མཚོས་བསྒྱུར།