ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་མཚོ་ནུབ་ཁུལ་དུ་སོང་ནས་རྟོག་ཞིབ་བཞུགས་མོལ་བྱས།
2025.02.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2པའི་ཚེས26ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་རྟོག་ཞིབ་བཞུགས་མོལ་བྱས། རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བའི་སྟེང་དཀའ་ངལ་ཁྱད་སེལ་དང་བྱས་རྗེས་འཇོག་ཕོད་པ། དངོས་སྒྲུབ་ལེགས་བརྩོན་བྱས་ནས། མཚོ་ནུབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་ཧུར་ཐག་གིས་འབྲི་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་ཞིབ་མཛད་པའི་ན་གོར་མོ་གྲོང་ཁྱེར་གདང་ལ་རི་བོའི་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བ་རུ། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་སྡེ་དམངས་ཚེ་རིང་དགྲ་འདུལ་ཚང་གི་ཁྱིམ་མི་ཡོངས་དང་མཉམ་དུ་བཙོག་ནས། ཁོ་ཚོས་སྐྱེ་ཁམས་གནས་སྤོར་བྱས་རྗེས་ཀྱི་ཐོན་སྐྱེད་འཚོ་བའི་ཐད་ནས་བྱུང་བའི་འགྱུར་ལྡོག་གླེང་བར་ཉན་པ་དང་། དེའི་རྗེས་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་ཆེད་དོན་མཉམ་ལས་ཁང་དུ་སོང་ནས་ཐོན་སྐྱེད་ཕྱིར་འཚོང་གནས་ཚུལ་ལ་ལྟ་ཞིབ་བྱས་པ་མ་ཟད། ཚང་མས་མུ་མཐུད་དུ་སྐྱེ་ཁམས་དོ་སྲུང་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་དར་རྒྱས་གོང་འཕེལ་གཏོང་བ། མི་རིགས་ཀྱི་ཁྱད་ལྡན་གནས་སྐོར་ཚོང་རྟགས་བསྐྲུན་པ། འབྲི་ཆུའི་མགོ་ཁུངས་སྡེ་བ་བདེ་སྐྱིད་ཀྱི་ལམ་དུ་བསྐྱོད་པའི་གཏམ་རྒྱུད་བཟང་བོར་བཤད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་གཟིགས་སྐྱོང་སྟོང་ཟད་དུ་མི་གཏོང་རྒྱུའི་མངགས་བཅོལ་ནན་མོ་བྱས།

ཀྲུང་གོ་ཚྭ་མཚོ་སྡེ་ཚོགས་ཀྱི་ཁོངས་སུ་གཏོགས་པའི་མཚོ་སྔོན་ཧུའེ་ཞིན་རྒྱུ་ཆས་གསར་བའི་ཚན་རྩལ་ཚད་ཡོད་ཀུང་ཟི་རུ་སོང་ནས། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་ལས་གཞི་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཁེ་ལས་ཀྱིས་མཚོ་སྔོན་ལ་རྐང་འཛུགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་ནས། ལག་རྩལ་དང་འཇོན་མི། མ་དངུལ་སོགས་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་རྒྱུན་མ་ཆད་པར་བསྡུ་རུབ་བྱེད་པ་དང་། ཕྲེང་འབྲེལ་རྒྱུན་སྲིང་དང་ཁ་གསབ། འཕེལ་རྒྱས་གཏོང་བ་བརྒྱུད་དེ། དགེ་མཚན་སྲོག་ཤིང་ཐོན་ལས་གོང་འཕེལ་གཏོང་རྒྱུའི་སྐུལ་མ་བཏང་། མཚོ་སྔོན་ཝེ་ཞང་ཚན་རྩལ་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་མཚམས་བརྒལ་དགར་འབྲལ་ལག་རྩལ་ཚད་ཡོད་ཀུང་ཟི་རུ། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་ཁེ་ལས་ཀྱི་ལག་རྩལ་གསར་གཏོད་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཐོན་སྐྱེད་ཚོང་གཉེར་ཁྲོད་ཀྱི་དཀའ་ཁག་གནད་དོན་ལ་རྒྱུས་ལོན་གསལ་བོ་བྱས་ལ། འབྲེལ་ཡོད་སྡེ་ཁག་གིས་རྒྱབ་སྐྱོར་སྲིད་ཇུས་བཀོལ་སྤྱོད་བཟང་བོ་བྱས་ནས། ཆེད་ལེགས་དམིགས་གསར་ཁེ་ལས་སྔར་ལས་མང་པོ་འཚར་ལོངས་འབྱུང་བར་རོགས་རམ་བྱེད་པ་དང་། ཕུལ་བྱུང་ལག་རྩལ་འཇོན་མི་སྔར་ལས་མང་པོ་སྐྱེད་སྲིང་བྱེད་རྒྱུའི་རེ་བ་བཏོན།

བཞུགས་མོལ་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་མཚོ་ནུབ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་ཉན་པ་དང་། མཚོ་ནུབ་ཀྱི་བྱ་བ་སྣ་ཚོགས་ཀྱི་གྲུབ་འབྲས་ཀྱི་ལ་ཁས་ལེན་གང་ལེགས་བྱས། ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། མཚོ་ནུབ་ཀྱིས་ཚྭ་འདམ་གཞོང་གི་སྙིང་སྟོབས་དང་ལམ་གཉིས་ཀྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱིའི་གནས་བབ་ལ་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ་དང་། སྐྱེ་ཁམས་གཙོར་འཛིན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་རུ་བསྐྱོད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་དངོས་སྒྲུབ་ལེགས་བརྩོན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཁྲོད་གྲུབ་འབྲས་སྔར་ལས་ཆེན་པོ་མངོན་པར་བྱེད་དགོས། ཚུལ་སྒྱུར་གྱི་གཙོ་ཐིག་ཁོང་དུ་ཆུད་པར་བྱེད་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པའི་ཐད་ནས་འདེགས་སྐྱོར་ཇེ་ཆེར་གཏོང་བ། ཚན་རྩལ་གསར་གཏོད་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་། ལས་གཞི་ཆེན་པོ། ཚོང་འགུག་དངུལ་འདྲེན། དམངས་གཉེར་དཔལ་འབྱོར་སོགས་བྱ་བ་རྒྱུན་མཐུད་ངང་བཟང་བོར་བསྒྲུབ་སྟེ། ལག་རྩལ་ཐད་ནས་གསར་བརྗེ་རང་བཞིན་གྱི་འགག་སྒྲོལ་བྱེད་པ་དང་ཐོན་སྐྱེད་རྒྱུ་རྐྱེན་ཐད་ནས་གསར་གཏོད་རང་བཞིན་གྱི་སྡེབ་སྒྲིག་བྱེད་པ། ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པ་བཅས་གཙོ་གཞི་རུ་བྱས་པའི་སྤུས་གསར་ཐོན་སྐྱེད་ནུས་པ་སྐྱེད་སྲིང་བྱེད་པ་དང་གོང་འཕེལ་གཏོང་དགོས། སྐྱེ་ཁམས་ཀྱི་དམར་མཚམས་བརྟན་སྲུང་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ནས་འདེགས་སྐྱོར་ཇེ་ཆེར་གཏོང་བ། གཅིག་འདོམས་སྐུལ་སྤེལ་དང་ཕྱོགས་བསྡུས་ཐབས་སྤྱོད་བྱེད་པ། གནད་དོན་དག་ཐེར་ལེགས་བཅོས་གཏིང་ཟབ་བྱེད་པ། ལྟ་སྐུལ་དོ་དམ་གྱི་ཆུ་ཚད་ཇེ་མཐོར་གཏོང་བ། ཆུ་ཚད་སྔར་ལས་མཐོ་བའི་སྲུང་སྐྱོབ་ཀྱིས་སྤུས་ཚད་སྔར་ལས་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ནས། ཐོན་ཁུངས་རྣམ་པའི་ས་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐུལ་འདེད་མཉམ་འཕེལ་གྱི་ལམ་བུ་གསར་བ་བཏོད་དགོས། ཐུན་མོང་འབྱོར་ཕྱུག་ལ་དམ་དུ་དམིགས་པ་དང་། དམངས་ཚིས་བདེ་སྐྱིད་ཐད་ནས་འདེགས་སྐྱོར་ཇེ་ཆེར་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་ལ་བརྟེན་ནས་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྐུལ་འདེད་གཏོང་བ། གཞི་རྩའི་སྤྱི་ཐུན་ཞབས་ཞུ་དང་རྨང་གཞི་སྒྲིག་ཆས་མྱུར་དུ་འཐུས་ཚང་དུ་གཏོང་བ། རྣམ་པ་གསར་བའི་གྲོང་རྡལ་ཅན་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་བདེ་སྣང་ཇེ་མཐོར་གཏོང་དགོས། གཟབ་ནན་གྱི་འགོག་མཚམས་བརྟན་པོ་འཛུགས་པ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པའི་ཐད་ནས་འདེགས་སྐྱོར་ཇེ་ཆེར་གཏོང་བ། གཟབ་ནན་གཙོར་འཛིན་པ་དང་མཐའ་གཅིག་ཏུ་གཟབ་ནན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། མཛའ་གཙང་སྲིད་ཚོང་གི་འབྲེལ་བ་འཛུགས་པ། དངོས་སྒྲུབ་ལེགས་བརྩོན་གྱི་ཁྲིད་ཕྱོགས་མངོན་གསལ་གཏན་ཁེལ་བྱེད་པ། ཆབ་སྲིད་ཀྱི་འདུ་ཤེས་བརྟན་པ་པ་དང་ཁག་ཁུར་བྱེད་ཕོད་པ། གྲུབ་འབྲས་འབུར་ཐོན་ཡིན་པ། སྤྱོད་གཙང་སྲོལ་བཟང་གི་ལས་བྱེད་པ་འདེམས་པ་དང་བཀོལ་སྤྱོད་བྱས་ཏེ། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་ཀྱིས་དྲང་ཕྱོགས་ཀྱི་ནུས་ཚད་ལྡན་པའི་སྤྱི་ཚོགས་ཀྱི་སྐྱེ་ཁམས་གྲུབ་པར་སྣེ་ཁྲིད་བྱེད་དགོས།

ལའོ་ཏུང་ཁྲོན་གྱིས་བསྟན་དོན། མཚོ་ནུབ་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་བ། སྐྱེ་ཁམས་རྩོལ་ནུས་ཆེས་ཆེ་བར་བསྒྱུར་རྒྱུ་དེ་ལས་འགན་གཙོ་བོ་དང་དམིགས་འབེན་གཙོ་བོར་བརྩིས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཐད་གཅིག་འདོམས་སྔར་ལས་བཟང་བོ་བྱེད་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་པའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་གཙོ་རྒོལ་ཁ་ཕྱོགས་འདིར་དམ་དུ་དམིགས་པ། ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་མྱུར་དུ་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་ཏེ། ས་བབ་དང་བསྟུན་ནས་རྫོང་ཁོངས་དཔལ་འབྱོར་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། བརྟན་འཇགས་འཁོར་རྒྱུག་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། རེའུ་མིག་གཅིག་དང་གསལ་ཕྲ་གཅིག པར་རིས་གཅིག རྐྱེན་སྲོལ་གཅིག་ལ་བཀོད་གཏོང་ཟབ་མོ་བྱེད་པ། བཟོ་ལས་འཁོར་རྒྱུག་དང་དངུལ་གཏོང་རྒྱ་སྐྱེད་པ། ཚོང་འགུག་དངུལ་འདྲེན་བྱེད་པའི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་པ། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འགན་ཕྲག་ཏུ་ཁུར་ནས། བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། མཉམ་དུ་ཕྱུག་པོར་བསྒྱུར་བའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། རྣམ་པ་གསར་བའི་གྲོང་རྡལ་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་གཅིགས་འདོམས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བར་ཤུགས་སྣོན་པ། ནུབ་རྒྱུད་ཀྱི་རྗེས་ལུས་ས་ཁུལ་དང་མི་རིགས་ས་ཁུལ། མཐོ་སྒང་ས་ཁུལ་བཅས་མཉམ་དུ་ཕྱུག་པོར་འགྱུར་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་འཚོལ་ཞིབ་བྱེད་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།