ཟླ2པའི་ཚེས26ཉིན་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གཉིས་ཀྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ། ཚྭ་འདམ་གཞོང་ན་གོར་མོ་བྱེ་ཐང་ཤར་མའི་རྟེན་གཞིའི་གློག་ཁུངས་ལས་གཞི་མགོ་རྩོམ་པའི་མཛད་སྒོར་ཞུགས་པའི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་ཞིན་ཞིན་དང་བཅས་པར་བཞུགས་མོལ་བྱས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཧི་ཞིན་ཞིན་སོགས་མཚོ་སྔོན་ལ་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཁོ་ཚོས་བཤད་རྒྱུར། རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་དང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་གཉིས་ཀྱི་བར་དུ་རི་ཆུ་སྟོང་ཕྲག་གིས་ཆོད་ཡོད་ནའང་མི་སེམས་གཅིག་ཏུ་འབྲེལ་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་རྒྱལ་ཡོངས་སུ་ཆེས་ཐོག་མར་ཞིང་ཆེན་དང་གཉེར་སྐྱོང་ཁུལ་ལས་བརྒལ་བའི་མཐོ་གནོན་ཕྱི་སྐྱེལ་བགྲོད་ལམ་དང་པོ་སྟེ། “མཚོ་སྔོན་ནས་ཀོང་ཞིའི་ཐད་རྒྱུག”བཟོ་སྐྲུན་འཆར་འགོད་འཛུགས་སྐྲུན་བྱས་པ་དེ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དང་ཀོང་ཞིའི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པའི་ལག་ལེན་དངོས་ཡིན་ཞིང་། ནུས་ཁུངས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ལེགས་ཆ་གསབ་རེས་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། མཐོ་སྒང་གི་བུ་བུ་མོ་དང་ཀོང་ཞིའི་མི་དམངས་བར་གྱི་མཛའ་བརྩེ་ཟབ་མོ་འབྲེལ་མཐུད་བྱེད་པའི་ཟམ་པ་དང་འབྲེལ་ཐག་ཞིག་ཡིན་པས་དོན་སྙིང་གལ་ཆེན་ལྡན་པར་མ་ཟད་མདུན་ལམ་ཡག་པོ་ཡོད། ཕྱོགས་གཉིས་ཀྱིས་འབྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་བྱས་ནས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མཐོ་སྒང་གི་ལྗང་མདོག་གློག་ཤུགས་ཀྱིས་རྒྱུན་ཆད་མེད་པར་ཀོང་ཞིའི་ས་གཞི་ཆེན་པོའི་ཁྱིམ་ཚང་ཁྲི་སྟོང་མང་པོ་གསལ་བར་བྱེད་པའི་རེ་བ་ཡོད། དེ་དང་མཉམ་དུ། ཀོང་ཞི་ནི་རྒྱལ་ཡོངས་ཀྱི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྐམ་ས་དང་ འབྲེལ་བ་ཡོད་པའི་ཞིང་ཆེན་དང་རང་སྐྱོང་ཁུལ་ཉག་ཅིག་ཡིན་པ་དང་། ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཁ་གཏད་པའི་སྒོ་འབྱེད་མཉམ་ལས་ཀྱི་སྒེའུ་ཁུང་ལྟ་བུ་ཡིན། མཚོ་སྔོན་དང་ཀོང་ཞི་གཉིས་ཀྱི་ས་གནས་ཀྱི་ཐོན་ཁུངས་ཕན་ཚུན་གསབ་རེས་རང་བཞིན་ཆེ་བ་དང་མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་ལྡན་པས། ཕྱོགས་གཉིས་ཀྱིས་ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་སོགས་སྲིད་ཇུས་ལས་སྟེགས་ཀྱི་ལེགས་ཆ་དམ་འཛིན་བྱས་ཏེ། དཔལ་འབྱོར་ཉོ་འཚོང་དང་ཡུལ་སྐོར། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་བྱས་ཏེ། ས་གནས་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གོ་སྐབས་གསར་པ་དང་སྒུལ་ཤུགས་གསར་པ་བསྣན་ནས་ལེགས་ཆ་གསབ་རེས་དང་། ཐོན་ལས་ཕན་ཚུན་མཉམ་འབྲེལ། མཉམ་ལས་གཉིས་རྒྱལ་བཅས་མངོན་འགྱུར་ཡོང་བའི་རེ་བ་ཡོད།
ཧི་ཞིན་ཞིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲོ་སེམས་འཁོལ་བས་སྣེ་ལེན་བྱས་པར་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། “མཛེས་ལྗོངས་ཡིད་དུ་འོང་བའི”ཚྭ་འདམ་གཞོང་ས་ནས“རྒྱ་མཚོའི་ཕྱོགས་སུ་སྟོབས་ཤུགས་ཕུལ་བའི”བྱང་ཕྱོགས་མཚོ་ཁུགས་བར་དུ། ཀོང་ཞི་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་དག་གཙང་གློག་ཤུགས་སྦྲེལ་ཐག་ཏུ་བྱས་ནས། མཉམ་དུ་ལྗང་མདོག་འཕེལ་རྒྱས་ཀྱི་ལེའུ་གསར་པ་བྲིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀོང་ཞིའི་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱས་ཏེ།“དངོས་སྒྲུབ་གཙོ་གནད་དང་གསར་གཏོད་བླ་སྲོག་ཏུ་བརྩི་བ། གྲུབ་འབྲས་ལ་བརྟེན་ནས་སྐད་ཆ་བཤད་པ། མི་དམངས་ལ་གདེང་འཇོག་བྱེད་དུ་འཇུག་པའི”ཁ་ཕྱོགས་གསལ་པོ་བྱས་ཏེ།“མཚོ་སྔོན་གྱི་གློག་ཀོང་ཞིར་བསྐྱོད་པའི”བགྲོད་ལམ་མུ་མཐུད་དུ་ཤར་གཏོང་བྱས་ཏེ། མཚོ་སྔོན་དང་ཀོང་ཞི་གཉིས་ཀྱི་བརྗེ་རེས་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥུན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་རུང་གཉིས་བཞུགས་མོལ་ལ་ཞུགས།
གཡང་འབུམ་རྒྱལ་གྱིས་བསྒྱུར།