མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གླིང་གི་ཏང་གི་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་ཟི་ལིང་དུ་འཚོགས།
2025.02.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གླིང་གི་ཏང་གི་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་ཟི་ལིང་དུ་འཚོགས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐོ་རིམ་སློབ་གླིང་གི་ཏང་འཛུགས་བྱ་བར་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་ཟབ་མོ་བྱས་ལ། ཉམས་མྱོང་སྤྱི་སྡོམ་དང་བརྗེ་རེས་བྱས་པ་དང་། རང་ཞིང་གི་མཐོ་རིམ་སློབ་གླིང་གི་ཏང་འཛུགས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དབྱང་ཀྲི་ཝུན་གྱིས་གྲོས་ཚོགས་མགོ་འཛིན་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མཐོ་རིམ་སློབ་གླིང་གི་ཏང་འཛུགས་བྱ་བར་ཤུགས་སྣོན་རྒྱུ་ནི་མ་ལག་བཟོ་སྐྲུན་དང་སྤྱིའི་བཟོ་སྐྲུན་ཞིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ལག་བསྟར་ཟབ་མོ་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་སྣེ་ཁྲིད་དུ་བྱེད་པ། སློབ་སྒྲུབ་སློབ་སྐྱོང་གི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་པར་བྱེད་པ། ཆབ་སྲིད་ཀྱི་རིག་པ་གསལ་བོ་བྱེད་པ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་བྱེད་པ། ཆབ་སྲིད་ཀྱི་ཚད་མཐའ་བརྟན་སྲུང་བྱས་ནས། ཆབ་སྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་སློབ་གསོར་ཤུགས་སྣོན་པ། ཆབ་སྲིད་ཀྱི་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས། སྤྱོད་བརྟེན་མི་སྐྱོང་གཙོ་གནད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། མཐོ་རིམ་སློབ་གླིང་གི་བསམ་བློ་ཆབ་སྲིད་བྱ་བ་གསར་གཏོད་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་བ། ཁྱད་ལྡན་སློབ་ཁྲིད་བཀོད་སྒྲིག་བྱེད་པ། བསམ་བློ་ཆབ་སྲིད་སློབ་ཁྲིད་དེ་ཐོན་སྐྱེད་འཚོ་བ་དང་སྤྱི་ཚོགས་ལག་ལེན་ཁྲོད་སྤོར་བ། མི་སྣ་ཡོངས་དང་གོ་རིམ་ཧྲིལ་བོ། ཕྱོགས་ཡོངས་ནས་མི་སྐྱོང་བ་མངོན་འགྱུར་བྱེད་དགོས། ཁྱད་ལྡན་ཚོང་རྟགས་སྐྱེད་སྲིང་བྱེད་པ་དང་། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དང་ལམ་གཉིས་ཀྱི་སྙིང་སྟོབས། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས། ཡོམ་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས། དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་སོགས་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་བཀོལ་སྤྱོད་བཟང་བོ་བྱས་ནས། མི་སེམས་འགུལ་བའི་བསམ་པའི་སྟོབས་ཤུགས་དེ་དུས་རབས་ཀྱི་མི་གསར་བ་སྐྱེད་སྲིང་བྱེད་པའི་ཁྱད་འཕགས་སློབ་ཁྲིད་དུ་འགྱུར་བར་བྱེད་དགོས། དགེ་རྒན་དཔུང་སྡེ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དདང་། ཆབ་སྲིད་བརྟན་པ་དང་བརྩེ་སེམས་ལྡན་པ། བསམ་བློ་གསར་བ། མཐོང་རྒྱ་ཆེ་བ། སྒྲིག་ལམ་དམ་པ། མི་གཤིས་དྲང་བའི་མཐོ་རིམ་སློབ་གླིང་གི་བསམ་བློ་ཆབ་སྲིད་ཀྱི་དགེ་རྒན་དཔུང་སྡེ་གསར་སྐྲུན་བྱེད་པ། རྨང་གཞི་ཇེ་བརྟན་དུ་གཏོང་བ་རྨང་གཞི་རུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མཐོ་རིམ་སློབ་གླིང་གི་ཏང་འཛུགས་བྱ་བའི་སྤུས་འབྲས་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ། གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་གསོན་ཤུགས་དང་ཏང་ཡོན་དཔུང་སྡེའི་གསོན་ཤུགས། ལམ་ལུགས་རྐྱེན་སྲོལ་གྱི་གསོན་ཤུགས་ཆེར་སྐྱེད་དེ། གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་དང་གོང་བུར་སྒྲིལ་ཤུགས། འཐབ་འཛིང་ནུས་པ་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས། བདེ་འཇགས་སློབ་ར་ཚད་མཐའ་རུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དགེ་སློབ་ཚོའི་ལུས་སེམས་བདེ་ཐང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། འདུ་ཤེས་འཛིན་སྟངས་ཀྱི་འཐབ་རྩོད་ལ་ཤུགས་སྣོན་པ། ཉེན་ཁར་གྲལ་བཤེར་བྱེད་པ། སློབ་རའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ། མཐོ་རིམ་སློབ་གླིང་གི་སློབ་ར་རྒྱུན་མཐུད་ངང་བརྟན་འཇགས་དང་དུས་ཡུན་རིང་བོར་བརྟན་འཇགས། ཕྱོགས་ཡོངས་ནས་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས། ཏང་འཛུགས་ཀྱི་སྣེ་ཁྲིད་བྱེད་ཐབས་སུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མཐོ་རིམ་སློབ་གླིང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། མཐོ་རིམ་སློབ་གླིང་གི་སློབ་གསོ་བཅོས་བསྒྱུར་མྱུར་དུ་སྤེལ་བ། འཇོན་མི་སྐྱེད་སྲིང་བྱེད་པར་ཤུགས་སྣོན་པ། ཐོན་སློབ་མཉམ་བསྲེས་བྱེད་པར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས།

ཚོགས་ཐོག་ཏུ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན། ས་ཁུལ་སྐོར་ཞིག་གི་ཏང་ཨུའི་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ། མཐོ་རིམ་སློབ་གླིང་སོ་སོའི་ཏང་ཨུའི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཟི་ལིང་གྲོང་ཁྱེར། མཚོ་སྔོན་སློབ་ཆེན་སོགས་ས་ཁུལ་དང་སྡེ་ཁག་བརྒྱད་ཀྱིས་བརྗེ་རེས་གཏམ་བཤད་སྤེལ། 

རིན་ཆེན་མཚོས་བསྒྱུར།